[A:༢༩༡བ]ཆེན་དམ་པ་འདི་ཉིད་རིགས་རུས་ཁྱད་པར་ཅན་གྱི་བརྒྱུད་དུ་བྱོན་པའི་ཚུལ་ནི། ལེགས་པའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །གངས་རིའི་ཁྲོད་འདིར་འཕེལ་ཞིང་རྒྱས་མཛད་པའི། །ཕྱོགས་ལས་རྣམ་རྒྱལ་རྗེ་བཙུན་ས་སྐྱ་པ། །དབང་པོའི་གྲངས་ལྡན་བརྒྱུད་པར་བཅས་ལ་འདུད། །ཅེས་པས་བསྟན་ཏེ། དེ་ཡང་འགྲོ་བ་རྣམས་ལ་དགེ་ལེགས་ཕུན་སུམ་ཚོགས་པ་མ་ལུས་པའི་འབྱུང་གནས་སུ་གྱུར་པའི་ཀུན་མཁྱེན་རྒྱལ་བའི་བསྟན་པ་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པ་དེ་ཉིད། བོད་ཡུལ་གངས་རིའི་ཁྲོད་འདིར་རབ་ཏུ་འཕེལ་ཞིང་ཡུན་དུ་རྒྱས་པར་མཛད་པའི་སྐྱེས་ཆེན་དུ་མ་ཞིག་བྱོན་པ་རྣམས་ཀྱི་གཙུག་རྒྱན་དུ་གྱུར་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་རིགས་འཁོན་རྗེ་བཙུན་ས་སྐྱ་པའི་གདུང་རིགས་ཞེས་ཡོངས་སུ་གྲགས་པ་རྣམས་ཀྱི་ནང་ནས་ཀྱང་ཆེས་མཆོག་ཏུ་གྱུར་བ་སྙིང་པོ་རྩེ་མོ་རྒྱལ་མཚན་གྱི་མཚན་གྱི་མཐའ་ཅན་གསུམ་དང་། ཆོས་རྗེ་ཁུ་དབོན་གཉིས་ཏེ་དབང་པོའི་གྲངས་དང་ལྡན་པའི་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ནི་སྔགས་འཆང་བླ་མ་འདི་ཉིད་གང་ལས་བྱོན་པའི་ཁྱད་པར་དུ་འཕགས་པའི་གདུང་རབས་ཏེ། སྐྱེས་བུ་དམ་པ་ཐམས་ཅད་ལ་བདག་ཅག་ལན་གཅིག་མ་ཡིན་པ་ཡང་ནས་ཡང་དུ་དད་པས་འདུད་དོ་ཞེས་པ་སྟེ། དེ་ལྟར་རིགས་རུས་ཁྱད་པར་ཅན་ལས་བྱོན་པའི་སྐྱེས་ཆེན་དམ་པ་དེ་ཉིད་མཚན་མཆོག་གཉིས་དང་ལྡན་པ་སྟེ། དེ་ཡང་ཐོག་མའི་མཚན་ནི། རྗེ་ཉིད་ཡུམ་ལས་འཁྲུངས་ནས་ཡུན་རིང་མ་ལོན་པར་སྔགས་འཆང་ཆོས་ཀྱི་རྒྱལ་པོས་སྐུ་པང་དུ་བཞེས་ཤིང་དགེས་དགེས་དུ་མ་མཛད་དེ། བྱིས་པ་འདི་ཕ་ཤུལ་བུས་ཟིན་པ་