[A:༢༩༢ན]ཞིག་འབྱུང་ཞེས་མ་འོངས་པ་མཁྱེན་པའི་ལུང་བསྟན་དང་བཅས་མཚན་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བར་གསོལ་བ་ཡིན་ནོ་ཞེས་ཐོས་ལ། དེ་ལྟ་བུའི་མཚན་དེ་ཉིད་དོན་དང་ལྡན་པར་ངེས་པའི་ཕྱིར་འདི་སྐད་ཅེས་བསྟོད་དེ། གྲགས་པས་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་ཅིང་། །བློ་གྲོས་བསམ་ཡས་བསྟན་པའི་རྒྱལ་མཚན་འཛིན། །དཔལ་ལྡན་བླ་མའི་མཛད་པ་རྣམ་དག་མཆོག །བཟང་པོའི་སྤྱོད་པས་འགྲོ་བ་སྐྱོང་ལ་འདུད། །ཅེས་སོ། །དེ་ལྟ་བུའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱི་མཚན་གྱི་རྣམ་གྲངས་གཉིས་པ་ནི། འཇམ་དབྱངས་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བར་སླར་ཡང་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་གསོལ་བར་མཛད་པ་ཡིན་ཏེ། དེའི་ཚུལ་ནི་རྒྱལ་སྲས་གྲགས་པའི་མཚན་ཅན་འདི་འཁྲུངས་ནས་དགུང་ལོ་གསུམ་བཞི་ཙམ་བཞེས་པའི་དུས་ཤིག་ན་ཅུང་ཟད་གསུང་ངག་མ་བདེ་བ་ཞིག་བྱུང་བའི་ཚེ། སྔགས་འཆང་ཆོས་ཀྱི་རྒྱལ་པོར་གཏེར་སྟོན་ཆེན་པོ་ཆོས་ཀྱི་འོད་ཟེར་གྱིས་ཞུ་ཡིག་ཕུལ་བ་ལས་འདི་ལྟར་འབྱུང་སྟེ། རྒྱལ་བའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ་ཞུ་བ། དྲུང་རམས་ལགས་ལ་བཀའ་ཕེབས་ནང་མའི་ཚུལ་གནང་བའི་སྐོར་བློ་ངོར་ཤིན་ཏུ་གཅགས་པ་བྱུང་ལགས་པ་དང་། ཞབས་དྲུང་རྒྱན་རིན་པོ་ཆེ་འདི་ཉིད་ལོངས་སྐུ་ཆེན་པོའི་ཞིང་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། འཕགས་ཡུལ་དུ་མཁན་ཆེན་བོ་དྷི་ས་ཏྭ་དང་། བོད་ཡུལ་དུ་དཔལ་ལྡན་བླ་མ་དམ་པར་གྲགས་པ་དེ་ཉིད་ཡིན་པར་སློབ་དཔོན་པདྨ་སཾ་བྷ་ཝའི་