R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༤ན
[A:༢༩༤ན]འབུམ་སོགས་ཟབ་རྒྱས་ལུང་གི་ཚོགས་བགྲང་བ་ལས་འདས་པ་ཞིག་གསན་ཅིང་། ལུགས་གཉིས་ཀྱི་བཀའ་དྲིན་ཚད་མེད་པ་བསྐྱངས་པ་ལ་བརྟེན་བླ་མ་ཐམས་ཅད་ཀྱི་ནང་ནས་ཀྱང་མཆོག་ཏུ་འཛིན་པར་མཛད་ཅིང་། དད་གུས་གདུང་ཤུགས་སོགས་ཀྱང་གཞན་ལས་ཆེས་ཆེ་བས། དགོས་བྱེད་ཁྱད་པར་ཅན་གྱི་དུས་གསོལ་བ་བཏབ་པ་ན། ཕྲ་རགས་ཀྱི་བྱ་བ་གང་ལ་ཡང་སྔགས་འཆང་ཉིད་ཉམས་དང་མནལ་ལམ་གྱི་ཚུལ་གྱིས་གསལ་བར་བྱོན་ནས་ལུང་བསྟན་གྱི་ཚོགས་རྣམས་འདི་དང་འདི་གྱིས་ཤིག་པར་སྟོན་པར་མཛད་པ་ཡིན་ལ། ཉིད་ཀྱིས་བཞེངས་པའི་བླ་མ་བརྒྱུད་པའི་བྲིས་ཐང་ཇི་སྙེད་པ་རྣམས་ལ་ཡང་བྲིས་ཐང་དེ་ཉིད་ཀྱི་གྲངས་དང་མཉམ་པའི་སྔགས་འཆང་ཉིད་ཡབ་སྲས་འབྲལ་མེད་ཀྱི་ཚུལ་དུ་བཀོད་པའི་མཐོང་བ་ཙམ་གྱིས་ཡིད་འཁུལ་བའི་ཕྱི་ནང་གི་རྟེན་འབྲེལ་ཟབ་མོ་ལ་དགོངས་པའི་ཞལ་བཀོད་ཁྱད་པར་ཅན་དུ་མ་མཛད་པ་དང་། ཁྱད་པར་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་འཛིན་སྐྱོང་གི་འཁུར་གྱི་སྐུ་དང་ཐུགས་ཡིད་དུབ་པ་སོགས་ངལ་བ་བརྒྱ་ཕྲག་དང་དུ་བཞེས་པའི་སྒོ་ནས་མདོར་ན་ཅི་མཛད་ཐམས་ཅད་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་དགོངས་པ་རྫོགས་ཐབས་ཁོ་ནར་དམིགས་པ་ལས་གཞན་དུ་དགོངས་པའི་ཐུགས་ཅུང་ཟད་ཀྱང་མི་མངའ་བ་ནི། ཁོ་བོས་ཡང་དང་ཡང་དུ་ངེས་ཤེས་རྙེད་པ་ལགས་པས་སྔགས་འཆང་ཡབ་སྲས་གཉིས་ཀ་ལ་བཅོས་མ་མ་ཡིན་པའི་དད་པ་སྙིང་ནས་སྐྱེས་པ་ཡིན་ནོ། །གཞན་ཡང་བདག་ཉིད་ཆེན་པོ་འདིས་མུས་ཆེན་དཀོན་མཆོག་རྒྱ་མཚོ་ཞེས་བྱ་བ་སེམས་དཔའ་ཆེན་པོ་འཕྲིན་ལས་ཀྱི་མངའ་བདག་དེ་ཉིད་ཀྱི་དྲུང་དུ་