R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༥ན
[A:༣༥ན]མངོན་སུམ་དུ་རྒྱུན་མ་ཆད་པ་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཐེ་ཚོམ་བཅད་པར་མཛད་པས་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་བསྙེལ་བ་མི་མངའ། དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པའི་ཚེ་འཛམ་བུ་གླིང་པའི་བསྟན་པའི་སྲོག་ཤིང་ཆེན་པོ་ཡིན་ནོ་ཞེས་ཡོངས་སུ་གྲགས་སོ། །དགུང་ལོ་ཉེར་བརྒྱད་བཞེས་པའི་ཚེ་གཟིམས་ཁང་རྙིང་མར་ལམ་འབྲས་གསུངས་པས། ལྟ་བའི་ཁྲིད་ཀྱི་སྐབས་སུ་ཚེས་གཅིག་གི་ཉིན་བླ་མ་ལ་སློབ་མ་རྣམས་ཀྱིས་མཐོང་སྣང་མི་འདྲ་བ་གསུམ་བྱུང་སྟེ་ནམ་མཁར་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པའི་དབུས་ན་རྗེ་བཙུན་རིན་པོ་ཆེ་ལ་འཇམ་དཔལ། ཇོ་སྲས་ལྕགས་ཀྱི་རྡོ་རྗེ་ལ་བིརྺ་པ། གཉགས་དང་རྨོག་སྟོན་གཙུག་ཏོར་དབོན་པོ་སོགས་ཕལ་ཆེ་བ་ལ་སྤྱན་རས་གཟིགས་སུ་སྣང་བས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་སོ། །ཁྱད་པར་རྗེ་བཙུན་ཆེན་པོ་ལ་དབང་གི་དུས་སུ་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོ་ཞིང་། ལྷའི་རོལ་མོས་སྒྲ་དབྱངས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་མཆོད་པའི་སྤྲིན་གཞལ་གྱིས་མི་ལང་བ་དང་བཅས་པའི་དབུས་ན། སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ཏེ་དེ་ཉིད་དུ་དབང་བསྐུར་ཞིང་ཟབ་མོའི་དོན་བསྟན་ནས་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་འབྱེད་པར་མཛད་དོ། །དེ་ལྟ་བུའི་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་འདི་གྲུབ་པའི་ས་དུ་ཞིག་བརྙེས་པ་ཡིན་ཞེ་ན། རྗེ་བཙུན་ཆེན་པོས། པོ་ཏ་ལ་དང་དཔལ་རི་ཨོ་རྒྱན་སོགས། །ཉི་ཕྱེད་ཙམ་གྱིས་ལེགས་འཁོར་མཁའ་འགྲོ་དང་། །དཔའ་བོའི་ཚོགས་དང་སྤྱོད་པའི་བརྟུལ་ཞུགས་བཅད། །རྣམ་སྤྲུལ་དུ་མས་ཉེར་གནས་ཡི་རང་འདུད། །ཅེས་གསུངས་