[A:༤བ]པའི་དབྱངས་ཉིད་གདུལ་བྱ་གཞན་གྱི་ངོར་འོད་གསལ་གྱི་ལྷའི་རིགས་སུ་སྤྲུལ་པ་ནི། གནམ་ལྷ་སྤྱི་རིང་གཡུ་རིང་གཡུ་སེ་སྟེ་མཆེད་གསུམ་དུ་གྲགས་པ་མི་ཡུལ་དུ་བབས་པ་ལ་མིའི་རྗེ་ཞུས་པས། གནམ་ལྷ་ཆུང་བ་གཡུ་སེས་མི་རྗེ་མཛད་པས། །སྲས་སེ་བྱི་ལི་སྤུན་བཞིར་གྲགས་པ་བྱུང་། དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ། དེའི་གྲོགས་ལ་གནམ་ལྷ་བར་པ་གཡུ་རིང་གིས་བྱོན་ཏེ་ལྡོང་བཏུལ་ནས་བྲན་དུ་བྱས། བར་པ་གཡུ་རིང་འདིས་དམུའི་བུ་མོ་དམུ་ཟ་ལྡེམ་བུ་ཁབ་ཏུ་བཞེས་པས་སྲས་མ་བཟང་སྤུན་བདུན་དུ་གྲགས་པ་བྱུང་ཞིང་། དེ་ལྟར་བདུན་གྱི་གཅེན་དྲུག་ཡབ་དང་བཅས་པ་ལྷ་ཡུལ་དུ་གཤེགས། བདུན་པ་མ་སང་སྤྱི་རྗེ་བྱ་བ་དེས་མི་ཡུལ་དུ་བཞུགས་ནས་ཐོག་ལྷ་འོད་ཅན་གྱི་བུ་མོ་ཐོག་ལྕམ་འུར་མོ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་དཔའ་བོ་སྟག་ཏུ་གྲགས་པ་འཁྲུངས་ཏེ། དེས་ཀླུའི་བུ་མོ་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པས་ཀླུ་ཚ་སྟག་པོ་འོད་ཅན་བྱ་བ་སྲས་སུ་བྱུང་། དེ་ཡན་ཆད་བར་སྣང་ལ་བཞུགས་པར་བཤད་ཅིང་ཀླུ་ཚ་དེས་མོན་བཟའ་མཚོ་མོ་རྒྱལ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་གཡའ་དང་སྤང་གི་མཚམས་སུ་སྐྱེས་ཤིང་། འདི་འདྲ་རེ་རེ་ཙམ་ཡིན་ཞེས་གྲགས་པས་མཚན་ཡང་གཡའ་སྤང་སྐྱེས་གཅིག་ཏུ་བཏགས། འདི་ཉིད་ཀྱིས་གཡས་རུ་ཤངས་ཀྱི་ནུབ་བྱང་ན་བྱང་རི་ཀུན་ལས་མཐོ་ཞིང་མཛེས་པ་ཅིག་ཡོད་པའི་རི་དེ་ལ་གནས་བཅས་པས་རི་དེ་ལ་ཡང་གཡའ་སྤང་དུ་གྲགས་སོ་ཞེས་པ་དེ་རྣམས་ཀྱིས་ལྷའི་གདུང་རབས་བསྟན་ཟིན་ཏོ། །འདིར་སྨྲས་པ། ལྷ་ཡི་མཆོག་རྗེ་བཙུན་འཇམ་དཔལ་གྱིས། །གཞན་ངོར་གཞན་དོན་དབང་གིས་སྤྲུལ་པའི་སྐུར། །ལེགས་བྱོན་ལེགས་པར་བཤད་