R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥ན
[A:༥ན]པའི་ངོ་མཚར་གཏམ། །འདི་འདྲ་འདི་ཞེས་གང་གིས་སྨྲས་དེ་མཛེས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།སྤྱི་དོན་གཉིས་པ་དྲི་མེད་འཁོན་གྱི་གདུང་རབས་བཤད་པ་ལ་ཡང་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས། གོང་དུ་དྲངས་པའི་གཡའ་སྤང་སྐྱེས་བྱོན་པའི་ཚུལ་བཤད་པའི་རྗེས་དེ་མ་ཐག་པར། གང་དེས་སྲིན་པོ་སྐྱ་རེངས་ཁྲག་མེད་ནི། །བསད་ནས་ཆུང་མ་གཡའ་འབྲུམ་སི་ལི་མ། །ཕྲོགས་ཏེ་ཉིད་ཀྱི་ཁབ་ཏུ་བཞེས་པ་ལས། །སྲས་གཅིག་བྱུང་བ་འཁོན་པར་སྐྱེས་ཞེས་གྲགས། །དེ་དང་བཙན་བཟའ་ལྕམ་བུ་སྒྲོན་གྱི་སྲས། །གཟུགས་མཛེས་བློ་ལྡན་མི་ཡུལ་དཀོན་པ་འཁྲུངས། །དེ་ལ་དཀོན་པ་རྗེ་གུང་སྟག་ཅེས་བཏགས། །འཁོན་སྟོན་དཔལ་པོ་ཆེར་གྲགས་གཉན་རྩེར་བྱོན། །དཔལ་པོ་ཆེ་དང་གླང་བཟའ་ནེ་ཆུང་སྲས། །ཁྲི་མཛེས་ལྷ་ལེགས་ཚེ་ལྷ་དབང་ཕྱུག་དང་། །མཁས་མཆོག་ཀླུ་ཡི་དབང་པོ་ཚེ་འཛིན་བཞི
གདུང་རབས་ཡ་རབས་ཁ་རྒྱན་འདིར་བཤད་པ་ལྟར། འཁོན་དཔལ་པོ་ཆེ་ལ་སྲས་བཞི་བྱུང་པའི་ལུགས་དང་། ཀླུའི་དབང་པོ་དང་རྡོ་རྗེ་རིན་ཆེན་ཏེ་སྲས་གཉིས་བྱུང་བའི་ལུགས་སྲོལ་མི་འདྲ་བ་ལས། ཁོ་བོ་ནི་ཕྱི་མའི་རྗེས་སུ་འབྲངས་པ་སྟེ་རྒྱས་བཤད་འོག་ནས་འབྱུང་ངོ་།
།ཚེ་འཛིན་སྲས་ནི་རྡོ་རྗེ་
དཀོན་མཆོག་ལྷུན་གྲུབ་ཀྱི་གདུང་རབས་ཚིགས་བཅད་མ་འདི་སོགས་གདུང་རབས་འགའ་ཞིག་ལས། འཁོན་རྡོ་རྗེ་རིན་ཆེན་ཚེ་འཛིན་གྱི་སྲས་སུ་འདོད་པ་ནི། རྗེ་བཙུན་རིན་པོ་ཆེས་ས་སྐྱ་པ་ཆེན་པོའི་རྣམ་ཐར་དུ་ཡི་གེ་པས་མ་དག་པའི་སྐྱོན་བྱུང་བ་བཞིན་གྱི་རྗེས་སུ་འབྲང་བ་ཡིན་ལ། རྡོ་རྗེ་རིན་ཆེན་ཀླུའི་དབང་པོའི་གཅུང་དུ་འདོད་པ་རྣམས་ནི། རྗེ་བཙུན་གྱིས་མཛད་པའི་འཁོན་གྱི་གདུང་རབས་དང་། ག་རིང་རྒྱལ་པོའི་རྩིས་བསྡུར་གྱི་ཡི་གེ་