[A:༤༦ན]བརྟེན་ནས་ལུས་དེ་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཏུ་རེ་བ་ཡིན་གསུངས་ནས་གསང་སྔགས་ཀྱི་རྟེན་འབྲེལ་ཟབ་མོ་ལ་རྩེ་གཅིག་ཏུ་མཛད་དེ། གདན་ས་ནི་ལོ་ཉེར་དྲུག་པ་ནས་བདུན་ཅུའི་བར་ལོ་ཞེ་ལྔ་མཛད་ཅེས་གདུང་རབས་ཁ་ཅིག་ལས་འབྱུང་བ་ལ། ངོ་མཚར་སྣང་བ་ལས་དགུང་ལོ་བཅུ་གསུམ་པའི་ཚེ་གདན་ས་མཛད་པར་ཡང་བཤད་དོ། །གང་ལྟར་དེ་ནས་དགུང་ལོ་བདུན་ཅུ་པ་མེ་ཕོ་བྱི་བའི་ཁྲ་ཟླ་བའི་ཚེས་བཅུ་གཉིས་ལ་བདེ་བ་ཅན་དུ་གཤེགས་སོ། །དེ་ལྟ་བུའི་རྗེ་བཙུན་རིན་པོ་ཆེ་ཉིད་ལ་སློབ་མའི་ཚོགས་བགྲང་ཡས་ཀྱང་མཚོན་པ་ཙམ་ཞིག་བརྗོད་ན། གནས་ལྔ་རིག་པ་ས་སྐྱ་པན་ཆེན་དང་། །དབང་ཕྱུག་གྲགས་དང་བནྡེ་བཤེས་གཉེན་གྲགས། །ཐུགས་ཀྱི་སྲས་མཆོག་ཤཱཀྱ་གྲགས་པ་དང་། །རིགས་འཛིན་གྲགས་ཏེ་གྲགས་པའི་མཐའ་ཅན་བཞི། །དེ་བཞིའི་སྟེང་དུ་ལྡེ་སྟོན་དཀོན་མཆོག་གྲགས། །དགའ་སྟོན་རྡོར་གྲགས་སྲས་སྟོན་བློ་གྲོས་གྲགས། །འཇིགས་མེད་གྲགས་ཏེ་གྲགས་པའི་མི་བརྒྱད་དང་། །སྨུ་ཆུ་བྱང་གྲགས་གཙང་སྟོན་བརྩོན་འགྲུས་གྲགས། །ལྷ་ཐོག་ཡོན་ཏན་ཤེས་རབ་རིན་ཆེན་ཏེ། །གུར་རྒྱན་ཞུས་པའི་སློབ་བུ་རྣམ་བཞི་དང་། །རྩིས་འདུལ་གཞོན་སེང་ཁམས་ཀྱི་འཛི་སྟོན་དང་། །དབོན་སྟོན་སྐྱེར་ཁང་ཇོ་སྲས་ལྕགས་རྡོར་ཏེ། །རིགས་འཛིན་སྡོམ་བརྩོན་བཞི་སོགས་མང་དུ་བྱོན། །ཞེས་པ་ལྟར་རོ། །འདིར་སྨྲས་པ། དབུ་སྐྱེས་པད་དཀར་ཆུན་པོ་ལྟར་མཛེས་ཤིང་། །བཞིན་རས་བྱེ་རུ་དམར་པོའི་མདངས་འོད་ཅན། །གངས་རིའི་ཕུང་པོ་ལྟ་བུར་ལྷུན་ཆགས་སྐུ། །དྲན་པའི་མོད་ལ་དད་ཅིང་སྤྲོ་བ་འཕེལ། །གང་གི་མཁྱེན་པ་