[A:༤༦བ]ནམ་མཁའ་ལྟར་ཡངས་པས། །ངེས་གསང་རྒྱུད་སྡེའི་དོན་རྣམས་རང་དབང་འགྲེལ། །བཅུ་ཕྲག་བདུན་གྱི་དཀྱིལ་འཁོར་ལྷ་ཚོགས་དང་། །རྒྱུན་དུ་དབྱེར་མེད་རོལ་པའི་ཏིང་འཛིན་ཅན། །དུས་མཐར་བདེ་བ་ཅན་སོགས་རིམ་བགྲོད་ནས། །ད་ལྟ་རྡོ་རྗེ་འཛིན་པའི་སར་བཞུགས་ཁྱེད། །མཁྱེན་བརྩེ་ནུས་པའི་རྫུ་འཕྲུལ་བསམ་ཡས་ཕྱིར། །ཁྱེད་རིགས་འཛིན་པའི་དད་ལྡན་བདག་རྒྱུད་ལ། །ལུང་དང་རྟོགས་པའི་ཡོན་ཏན་ཆེར་བསྐྱེད་ནས། །ས་སྐྱ་པ་ཡི་བསྟན་པའི་རྒྱུན་འདི་ཉིད། །མཆོག་ཏུ་འཕེལ་ཞིང་ཡུན་དུ་གནས་པ་ཡི། །ཐོགས་མེད་ནུས་པའི་དཔལ་ལ་དབང་བསྒྱུར་མཛོད། །ཅེས་དད་པའི་རྒྱ་མཚོ་ལས་རང་བྱུང་དུ་བྱུང་བའི་གསོལ་འདེབས་ཀྱི་རྦ་རླབས་སོ། །དེ་ལྟ་བུའི་བླ་མ་རྗེ་བཙུན་ཆེན་པོ་དེ་ཉིད་ཀྱི་གཅུང་དཔལ་ཆེན་འོད་པོ་ནི། ཡབ་དགུང་ལོ་ང་དགུ་པ་ལྕགས་ཕོ་རྟ་ལོ་སྨིན་དྲུག་ཟླ་བའི་ཉི་ཤུ་ལྔ་ལ་འཁྲུངས་ཏེ། དེ་ནི་ཐུགས་བརྟན་ཞིང་ཡངས་ལ་བརྩོན་འགྲུས་དང་ལྡན་པ། ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་མན་ངག་མང་པོ་མངའ་བ། ཁྱད་པར་དུ་གསོ་བ་རིག་པའི་སྒོ་ནས་བརྩེ་བའི་ཐུགས་རྗེས་འགྲོ་བ་མང་པོའི་དོན་མཛད་ཅིང་། འདི་ཉིད་ཀྱིས་མཛད་པའི་གསོ་བ་རིག་པ་ལ་བརྒྱད་ཆུང་ཉི་མའི་འོད་ཟེར་ཞེས་བྱ་བའི་བསྟན་བཅོས་ཡོད་པར་གྲགས་ལ། དགུང་ལོ་ང་བཞི་བཞེས་པའི་དུས་སུ་ཆུ་མོ་ཕག་གི་ལོ་ཟླ་བ་ལྔ་པའི་ཉི་ཤུ་གཅིག་ལ་བདེ་བར་གཤེགས་སོ། །བླ་མ་གཅུང་དེ་ལ་སྲས་གཉིས་བྱུང་བ་ནི། མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་ཞེས་བྱ་བ་ཁབ་ཏུ་བཞེས་པ་ལས་འཁྲུངས་པ་ཡིན་ཏེ། དེ་ཡང་ཆེ་བ་དེ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཞེས་གྲགས་ལ། མཚན་ཀུན་དགའ་རྒྱལ་མཚན་ཞེས་བྱ་བ་ཡིན་