[A:༤༥བ]ཤིང་། ཐུན་མོང་དུ་ས་གཡོ་བ། སྒྲ་གྲག་པ། འོད་ཕུང་འཕྲོ་བ་ལ་སོགས་པ་སྣང་ངོ་། །བདུན་ཅུ་པའི་སྲོད་ལ་ཕྱི་ན་ཡོད་པ་འགའ་ཞིག་གིས་ཀྱང་སྤྱན་འདྲེན་པའི་ལྷ་ཚོགས་དུ་མ་མཐོང་ཞིང་། ཆོས་རྗེ་ས་པཎ་དྲུང་ན་འདུག་པས་ཀྱང་གཟིགས་སྐད། ཐོ་རངས་ཆོས་རྗེས་ཅོག་ཙོག་པུར་འདུག་སྟེ་གསོལ་བ་བཏབ་པས། ཅུང་ཟད་མནལ་བ་ན་བདེ་བ་ཅན་ནས་འོད་ཟེར་བའི་ལྷ་ཚོགས་ནམ་མཁའ་ཁྱབ་པའི་གཟུགས་ཅན་རིན་པོ་ཆེའི་དྲ་བས་བསྐོར་བ་རྣམས་ཀྱིས་སེང་གེའི་ཁྲི་རྒྱན་དུ་མས་སྤྲས་པ་དང་། མཆོད་པའི་བཀོད་པ་དུ་མ་དང་བཅས་པས་རྗེ་པ་བདེ་བ་ཅན་དུ་སྤྱན་འདྲེན་ཟེར་བ་ལ་གསོལ་བ་བཏབ་པས་རེ་ཞིག་ཅང་མི་སྨྲ་བར་འཁོད་པར་སྣང་ངོ་། །རྗེ་ཉིད་ལ་གསོལ་བ་བཏབ་པས་གཤེགས་པ་ལ་སྤྲོ་བར་གཟིགས་ནས། ཁྱོད་ཀྱང་བདེ་བ་ཅན་གྱི་བཀོད་པ་ལ་ལྟོས་ཤིག་གསུངས་ཏེ་ཕྱག་གིས་བརྡ་སྤྲད་པས། བཻ་ཌཱུརྻའི་ས་གཞི་དང་རིན་པོ་ཆེའི་ཤིང་ལྗོན་པ་ལ་སོགས་པའི་བཀོད་པ་ཡིད་འཕྲོག་པ་གཟིགས་སོ། །དེར་དང་པོ་གསེར་མདོག་ཅན་དུ་གཤེགས་གསུངས་པ་དང་མི་འགལ་ལམ་ཞུས་པས། བླ་མ་ཡབ་སྲས་ཀྱི་དྲུང་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་གྱི་སྟོབས་ལས་རེ་ཞིག་བདེ་བ་ཅན་དུ་འགྲོ་གསུངས། དེ་ནས་རྣམ་ཐར་འགའ་གསུང་བ་སད་པ་ན་བསྙེལ་སྐད། དེའི་ཚེ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བསྒོམ་པ་ལ་སོགས་པ་མཛད་ནས་ཆོས་རྗེ་པ་ལ། ཁོ་བོ་རེ་ཞིག་བདེ་བ་ཅན་དུ་འགྲོ། དེར་ཡུན་མི་རིང་བ་ཅིག་བསྡད་ནས་གསེར་གྱི་མདོག་ཅན་དུ་སྔར་བཤད་པའི་ཚུལ་གྱི་འཁོར་ལོས་སྒྱུར་བའི་ཆ་བྱད་དུ་བྱས་ནས་སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད། དེ་ནས་སྐྱེ་བ་གསུམ་པའི་ལུས་དེ་ལ་