R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 106
[A:106]གཡུ་ཁྲི་དང་སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པའི་རྫབ་དང་གཤར་མའི་ནང་གསེལ་ལུགས་སྲོལ་ཅུང་ཟད་འདྲ་མིན་མཆིས་པ་རྣམས་ལའང་སྦྱངས་ལོར་བགྱིས་སོ། །༈། །གསུམ་པ་ཐུགས་ཀྱི་རྟེན་ནི། རྡོ་རྗེ་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ཀྱི་ཚད་དང་མཚན་ཉིད་དང༌། མཆོད་རྟེན་ལ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱད་དེ། འདིའི་གོ་རིམ་གྱི་ཐོག་མ་ལྷ་བབས་ནས་བྱས་པ་སོགས་མི་འདྲ་བ་མང་དུ་ཡོད་ཅིང༌། མངའ་རིས་ཚུལ་ཁྲིམས་འོད་ཟེར་གྱིས། པད་སྤུངས་བལྟམས་ཚེ་སེར་སྐྱའི་དྲུང་དུ་དར། །བྱང་ཆེན་རྫོགས་སངས་རྒྱས་ཚེ་རྡོ་རྗེ་གདན། །སྒོ་མངས་ཆོས་འཁོར་བསྐོར་ཚེ་ཝཱ་རཱ་ཎ་སཱིར་དང༌། །ཆོ་འཕྲུལ་ཆོ་འཕྲུལ་བསྟན་ཚེ་མཉན་ཡོད་དུ། །ལྷ་བབས་ཡུམ་གྱི་དོན་མཛད་གསལ་ལྡན་གྲོང༌། །དབྱེན་བཟླུམ་དགེ་འདུན་འདུམས་ཚེ་ཡངས་ཅན་དུ། །སྐུ་ཚེའི་བདུད་ལས་རྣམ་རྒྱལ་མཆོད་རྟེན་ཆེ། །མྱང་འདས་མྱ་ངན་འདས་ཚེ་རྩྭ་མཆོག་གྲོང༌། །ཞེས་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྐུ་བལྟམས་མ་ཐག་ནས་ཕྱོགས་རྣམས་སུ་གོམ་པ་བདུན་བདུན་བོར་བའི་སར་པདྨ་སྐྱེས་པ་སོགས་བཀྲ་ཤིས་པའི་རྟེན་འབྲེལ་དང་མཐུན་པར་པདྨ་སྤྲུངས་པས་ཐོག་དྲངས་པར་མཛད་པ་ལྟར་ལེགས་ཤིང༌། མཆོད་རྟེན་བརྒྱད་པོ་དེ་དག་གི་ཆ་ཚད་ཡི་གེ་མང་དུ་མཐོང་མོད། ཡོངས་སུ་གྲགས་པ་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་དང༌། སྤྲུལ་སྐུ་རི་མཁར་བ་དཔལ་ལྡན་བློ་གྲོས་བཟང་པོ་དང༌། ཐར་རྩེ་པཎྜི་ཏ་ནམ་མཁའ་དཔལ་བཟང་དང༌། འཇམ་པའི་དབྱངས་སངས་རྒྱས་རྒྱ་མཚོས་མཛད་པ་སོགས་ཡིག་ཆ་གསར་རྙིང་མཐོང་ཐོས་བྱུང་བ་འགའ་ཞིག་ལ་ལག་ལེན་ཐིག་