R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 109
[A:109]ལས། འདི་ནི་ལང་ཚོའི་རྣམ་འཕྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟབ་པ་ཡིན། །འདི་ནི་ཉོན་མོངས་འཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག ། འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་བཞི་དང་འདྲ་བར་གནས། །ཞེས་དང༌། བཤེས་པའི་སྤྲིང་ཡིག་ལས་ཀྱང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ལ་སོགས་པ་དགེ་ལེགས་རིན་པོ་ཆེ་རིན་ཐང་གཞལ་དུ་མེད་པ་མ་ལུས་པ་འབྱུང་བའི་ལག་འགྲོའི་དབང་པོའི་བསྟི་གནས་སུ་ངེས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ལྗོན་པ་རིན་པོ་ཆེའི་རྩ་བའམ་གཞི་མ་ནི་འདི་ཉིད་དུ་བསྟན་པས། ཡོན་ཏན་ཅན་ཀུན་གྱི་བརྟེན་གནས་སུ་གྱུར་པའི་བསླབ་གཞི་བསྲུང་བའི་རྟེན་ཅན་དུ་སྒྲུབ་པར་བྱེད་པ་ལ། རང་ལོ་ཆེར་སོན་པ་ལེགས་པར་སྦྱར་བའི་སྐད་དུ་ས་ར་བྷ་ཝ་སྟེ། སྟོད་འགྲེལ་གྱི་སྐད་དུ་ཟིལ་གནོན་ཞེས་དང༌། ལྗོངས་འདིར་དབང་ཐང་དང་བསྟུན་པའི་མིང་དུ་མེ་ཕོ་རྟའི་ལོར་སྒྲོལ་བྱེད་ཀྱི་ལྷ་མོ་ནག་པས་ཉ་བའི་ཞག་གི་ཕུང་པོའི་མར་ངོ་སྔོན་དུ་འགྲོ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་དགེ་བའི་ཉིན། བདག་ཅག་གི་འདྲེན་པ་དམ་པ་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་བདག་ཉིད། བཅོམ་ལྡན་འདས་ཤཱཀྱ་སེང་གེའི་ལུགས་བཟང་སྡེ་སྣོད་གསུམ་གྱི་བརྗོད་པར་བྱ་བ་བསླབ་པ་གསུམ་གྱིས་ཐུགས་