R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 224
[A:224]བྱང་དུ་མི་གཡོ་ཚེ་དཔག་མེད་ཀྱི་བར་ལྷ་དགུ་བསྐྱེད་ནས། སྐུ་རེ་རེ་ལ་དམིགས་ནས་གཟུངས་རིང་ཚར་རེ་སྟེ་དགུ་བཟླས་ནས་འདོད་དོན་གསོལ་གདབ་དང་དགེ་བ་བསྔོས་པས་འཆི་བ་བསླུ་བའི་མཆོག་ཏུ་འགྱུར་ཏེ། སློབ་དཔོན་ཛེ་ཏཱ་རིའི་ཐུགས་ཀྱི་ཡང་སྙིང་ས་སྐྱ་པའི་གདམས་པ་ཞེས་ཡོད་པ་ཐོབ་པའི་བརྒྱུད་པ་ནི། བྲག་ཕུག་པ་ཡན་ཆད་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་གྱི་དབང་གི་བརྒྱུད་པ་དང་འདྲའམ་སྙམ་སྟེ་དཔྱད་པར་བྱ་ཞིང༌། དེ་ནས་བདག་གི་དྲིན་ཆེན་བླ་མ་བཀྲ་ཤིས་བཟང་པོ་པའི་བར་བཙལ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ། །༈། །བྱ་བའི་རྒྱུད་ཀྱི་བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པའི་གཟུངས་སྔགས་ཡིག་འབྲུ་ལྔ་བཅུ་རྩ་བདུན་པ་བྱང་སྒྲ་མི་སྙན་པའི་ཚེའི་རང་གཟུངས་སུ་གྲགས་པ་ཐམས་ཅད་མཁྱེན་པ་ཞྭ་ལུ་ལོ་ཙཱ་བ་ཆེན་པོས་བསླབ་པ་ཀུན་ལས་བཏུས་པའི་ལུས་བསྲུང་བའི་སྔགས་སུ་བཤད་པ་ཉིད། དེའི་རྒྱ་དཔེ་ལས་དངོས་སུ་ཕྱུང་སྟེ་དག་པར་མཛད་ཅིང༌། ལོ་རྒྱུས་ཡོངས་གྲགས་སུ་ལྷའི་དགེ་བསྙེན་ཞིག་གིས་སྒྲ་མི་སྙན་ནས་དངོས་སུ་བླངས་ཏེ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་གཏད་པའི་སྒྲ་མི་སྙན་པའི་ཚེ་གཟུངས་ལ་ཡིག་ཆ་མི་མཐུན་པ་སྣ་ཚོགས་འདུག་པ་ལས་ཚེ་དཔག་མེད་ལྷུང་བཟེད་བསྣམས་པའི་མངོན་རྟོགས་དང་འབྲེལ་པའི་ཚེ་དབང་ལ་བསྡུས་པ་པཎ་ཆེན་ནགས་རིན་ནས་བརྒྱུད་པ་སོགས་ཀྱང་ཡོད་པར་གྲགས་མོད་མ་ཐོས་ལ། འདིར་སྒྲ་མི་སྙན་པའི་རང་གཟུངས་ཞེས་ཡོངས་གྲགས་ལོ་རྒྱུས་དང་འབྲེལ་བའི་སྔགས་དང༌། རང་ལུས་ལྕགས་ཀྱི་རྡོ་རྗེར་བསྒོམ་པའི་ཞལ་ཤེས་དང་བཅས་ཞིབ་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ལྷའི་