R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 467
[A:467]རྣོན་པོའི་མཆོག་གི་རིགས་ཅན་གྱིས། རྡོ་རྗེ་སློབ་དཔོན་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་འཛིན་ཅིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྩ་བ་ཡན་ལག་དང་བཅས་པ་བསྲུང་བ་ལྷུར་ལེན་པ་ལ། གཞན་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདིའམ་བར་དོའམ་སྐྱེ་བ་བདུན་ལ་སོགས་པ་ནས་འགྲུབ་པར་བྱེད་པའི། ལམ་གྱི་རྩ་བ་བུམ་པའི་དབང་མཐའ་དག་གི་སྟེང་དུ། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། དབང་བཞི་པ་བཅས་ཡོངས་སུ་རྫོགས་པར་བསྐུར་ནས། ཀྱེ་རྡོ་རྗེ་ལས། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །ཞེས་གསུངས་པ་ལྟར། འཁོར་བའི་འདྲ་འབག་ལམ་དུ་བྱེད་པའི་ཚུལ་གྱིས་རང་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བསྒོམས་པས་སྦྱང་གཞིའི་གཙོ་བོ་ཐ་མལ་གྱི་སྐྱེ་འཆི་བར་དོའི་གནས་སྐབས་སུ་སྣང་བའི་ཆོས་ཐམས་ཅད་དེ། དེའང་ལྷའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པས་ལྷར་འགྱུར་བའི་གཞི་ཡིན་པ་དང༌། ཐ་མལ་གྱི་རྣམ་རྟོག་གིས་དེ་དག་ལ་ཐ་མལ་དུ་བཟུང་ནས་འཁོར་བར་འཆིང་བའི་རྒྱུར་བྱེད་པས་སྦྱང་དགོས་པའི་གཞི་ཡང་ཡིན་པའི་ཕྱིར་རོ། །སྦྱང་བྱ་སྣང་བ་དེ་དག་ལ་ཐ་མལ་དུ་འཛིན་པའི་རྣམ་པར་རྟོག་པ་མཐའ་དགསྦྱོང་བྱེད་རྣམ་པར་ཐར་པའི་སྒོ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆ་དང༌། ཡེ་ཤེས་ལྔ་ལ་སོགས་པ་ཆོས་ཀྱི་སྐུའི་ཡོན་ཏན་རྣམས་དང༌། ལྷའི་རྣམ་པར་བསྐྱེད་ཅིང་བསྡུ་བ་ལ་སོགས་པས་གཟུགས་ཀྱི་སྐུར་བསྒོམ་