R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 468
[A:468]པ་རྣམས་ཡིན་ལ། སྦྱང་ཚུལ་སྦྱང་གཞིའི་ཆོས་སུ་སྣང་བ་ཐམས་ཅད་སྐུ་གསུམ་གྱི་ལམ་དུ་སྒྱུར་བར་བྱེད་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་ནས། སྦྱངས་འབྲས་མཐར་ཐུག་སྐུ་བཞི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ། ཐབས་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པར་སྤྱོད་པའི་དོན་དུ་གསུངས་པ་རྣལ་འབྱོར་བླ་ན་མེད་པ་སྟེ། དེ་ལ་དབྱེ་ན། ཚུལ་གསུམ་མཛེས་པར་བྱེད་པའི་རྒྱན་ལས། རྣལ་འབྱོར་ཆེ་ལ་ཐབས་ཤེས་གཉིས་མེད་གསུམ། །ཞེས་ཐབས་ཀྱི་རྒྱུད་བླ་ན་མེད་པ་དང༌། ཤེས་རབ་ཀྱི་རྒྱུད་བླ་ན་མེད་པ་དང༌། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་བླ་ན་མེད་པ་གསུམ་དུ་ཕྱེ་བའི་ཁྱད་པར་ཡང༌། དེ་ཉིད་ལས། དེ་ཡི་ཁྱད་པར་གླེང་གཞིའི་ཡི་གེ་དང༌། །བསྐྱེད་རིམ་ལྷ་དང་རྫོགས་རིམ་རྣམ་པ་གཉིས། རྗེས་སྤྱོད་རྣམ་དག་རྒྱུད་ཀྱི་གདུལ་བྱ་རྣམས། །རིམ་བཞིན་མང་ཉུང་ཕོ་མོ་ཐབས་ཤེས་ཏེ། །གང་གང་གཙོ་ཆེ་ཐབས་དང་ཤེས་རབ་སྟེ། །དེ་དེ་གཉིས་ཀ་ལྡན་ན་གཉིས་མེད་རྒྱུད། །ཅེས་རགས་པའི་འཇོག་བྱེད་དུ་གསུངས་ཤིང༌། དོན་ལ་གསང་བ་འདུས་པ་སོགས་ཀྱང་གཉིས་སུ་མེད་པ་ཉིད་དུ་བྱང་ཆུབ་སེམས་དཔའི་འགྲེལ་ཆེན་ལས་བཤད་པ་ལྟར་ངེས་དགོས་ཤིང༌། འདིར་འཇོག་བྱེད་དེ་དག་དང་རྗེས་སུ་མཐུན་པར་གཙོ་བོར་ཕ་རྒྱུད་དམ་ཐབས་ཀྱི་རྒྱུད་དེ། དེ་ལའང་ཟླ་གསང་ཐིག་ལེའི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར་གསུམ་གྱི། དང་པོར་འདོད་ཆགས་ཅན་གཙོ་བོར་འདུལ་བར་བྱེད་པ་དཔལ་གསང་བ་འདུས་པའི་སྐོར་ལ། མི་བསྐྱོད་པའི་རིགས་སུ་གཏོགས་པ་དཔལ་