R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 479
[A:479]མ། ཆོས་སྐུ་འོད་ཟེར་མན་འདྲ། ཡང་བརྒྱུད་ལུགས་གཅིག་ལ། རྗེ་སངས་རྒྱས་རིན་ཆེན་ནས། དཀོན་མཆོག་རིན་ཆེན། དཀོན་མཆོག་རྒྱ་མཚོ། བསོད་ནམས་ལྷུན་གྲུབ། མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་འདྲའོ། །དེས་ན་སྔོན་གྱི་དུས་སུ་ལུགས་སྲོལ་སོ་སོར་ཡོད་པར་སྣང་ཡང༌། ཀུན་མཁྱེན་བུ་སྟོན་སོགས་བླ་མ་ཕྱི་མ་རྣམས་ཀྱི་དབང་བཀའ་ཐམས་ཅད་གསན་ནས། བྱིན་རླབས་ཀྱི་ཆུ་བོ་ཀུན་འདུས་ཕྱག་ལེན་ཀྱང་སྙིང་པོ་དྲིལ་བ་སྟེ་བཀའ་དྲིན་ཆེ་འདུག་གོ། དབང་གི་མཚམས་སྦྱོར་སྔགས་འཆང་ཆེན་པོས་མཛད་པའི་ཡི་གེའི་སྟེང་ནས་མནོས་སོ། །༈། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེར་ཆོས་རྗེ་བླ་མ་དམ་པའི་གསུང་གིས་བསྐུལ་ནས་མཛད་པའི་ཁྲིད་ཡིག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་དང༌། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ཁ་འབྱེད་པའི་ལྡེ་མིག་མ་བུ་སྦྱར་བའི་སྟེང་ནས་ཕ་རྒྱུད་བླ་ན་མེད་པའི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པ་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་བཞིས་གསལ་བར་བྱས་པའི་དོན་རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་ཐུགས་ཉམས་སུ་བཞེས་ནས་ཏཻ་ལོ་ནཱ་རོ་སོགས་པཎ་གྲུབ་ལས་ཉེ་བར་འོངས་པའི་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔའི་དམར་ཁྲིད་ཟབ་མོ་ཉམས་ཁྲིད་དུ་ལེགས་པར་ཐོབ་པའི་བརྒྱུད་པ་ནི།
་་་་་འདི་སྔར་མ་ཐོབ་ཀྱང་ཐོབ་འགྱུར་གྱིས་བྲིས།
ཡང་