R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 606
[A:606]གནང་གི་ཆིངས་ནི་ཤིན་ཏུ་མི་འདྲ་མོད་ཀྱང་བརྒྱུད་པ་གཅིག་པའི་ཕྱིར་ན་གཅིག་གོ་གཅིག་གིས་ཆོད་དམ་སྙམ་མོ་ཞེས་གསུངས། བདག་གིས་ནི་ཡིག་ཆ་སྔ་མའི་སྟེང་ནས་ཐོབ་བོ། །སྨྲས་པ། གསང་རྒྱུད་གཞན་ལས་བཤད་ཚུལ་ཁྱད་པར་བ། །དུས་འཁོར་དབང་བདུན་གོང་མ་གོང་ཆེན་བཅས། །ཐུན་མོང་དངོས་གྲུབ་སྒྲུབ་པའི་ལྷ་གསུམ་གྱི། །རྗེས་གནང་ཐོས་པའི་རྣ་ལུང་མ་དོག་ཙམ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། དུས་ཀྱི་འཁོར་ལོའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉི་ཤུ་པའོ། །། །རྣལ་འབྱོར་མཆོག་གི་དབྱར་སྐྱེས་འཛམ་བུ་ལས། ཤིང་རྟ་ཆེ་སྲོལ་སྙེ་མ་ཡོངས་ལྷུང་བ། །མཁས་དབང་མཁྱེན་པའི་མ་དྲོས་རྩིས་བསྒྱུར་བའི། །ཟབ་ཆོས་བུམ་པ་བརྒྱ་སྐྱེས་མནོས་པའི་ཚུལ། །སྤྱི་དོན་ལྔ་པ་གསེར་ཆོས་སྐོར་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་བྱོན་དང་འབྱོན་འགྱུར་འབྱོན་བཞིན་པ་མཐའ་དག་གི་ལམ་པོ་ཆེ། མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་མན་ངག་ཐམས་ཅད་ཀྱི་བཅུད་ཕྱུང་བ། འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་པའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཆེན་པོ་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མས་དངོས་སུ་གནང་བའི་གདམས་པ་ལམ་འབྲས་བུ་དང་བཅས་པ། འབྲས་བུ་ལམ་དང་བཅས་པ། གཅིག་ཤེས་པས་མང་པོ་ཤེས་པ། སྐྱོན་ཡོན་ཏན་དུ་བླང་བ། བར་གཅོད་དངོས་གྲུབ་ཏུ་བླང་བ། ལྟས་ངན་གཡང་དུ་འགུགས་པ། ཏིང་ངེ་འཛིན་ངོ་ཤེས་པས་བསམ་གཏན་གྱི་གེ གས་སེལ་བ། བར་གཅོད་ངོ་ཤེས་པས་བདུད་ཀྱི་