R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 607
[A:607]གེགས་སེལ་བ། སྡེ་སྣོད་གསུམ་གྱི་དེ་ཉིད་ཤེས་པ་གསེར་འགྱུར་གྱི་རྩི་ལྟ་བུ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་གྱི་འདོད་པ་འཇོ་བའི་ཡིད་བཞིན་གྱི་ནོར་བུ། གསུང་ངག་རིན་པོ་ཆེ་ཞེས་མཁས་ཤིང་གྲུབ་པའི་དབང་ཕྱུག་མཐའ་དག་ཟུང་འཇུག་ཏུ་གཤེགས་པའི་ཐེམ་སྐས་ཆེན་པོ་འདི་ཉིད་ནི། ལོ་ཙཱ་བ་རྣམས་ཀྱི་ནང་ནས་ཉི་ཟླ་ལྟར་ཕྱོགས་ཀུན་ཏུ་ཡོངས་སུ་གྲགས་པ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས། འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར་པའི་མ་ཧཱ་པཎྜི་ཏ་གྷ་ཡ་དྷ་ར་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་དེ་ལེགས་པར་ཞུས་ཤིང་གཏན་ལ་ཕབ། ལོ་ཙཱ་བ་ཆེན་པོ་དེ་ལ་སློབ་མ་བགྲང་གིས་མི་ལྡང་བའི་ཚོགས་དཔག་ཏུ་མེད་པ་བྱུང་བའི་ནང་ནས་གཙོ་བོར་གྱུར་པ། གཞུང་རྫོགས་པ། གདམས་ངག་རྫོགས་པ། གྲུབ་པ་ཐོབ་པའི་སློབ་མ་གསུམ་སོགས་བྱུང་བར་གྲགས་ཤིང༌། གདམས་པ་རྫོགས་པའི་སློབ་མའི་ནང་ནས་རབ་ཏུ་ཐོབ་པ་སེ་མཁར་ཆུ་བ་ཀུན་རིག དེའི་སློབ་མ་ཞང་སྟོན་ཆོས་འབར་ནས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ། དེའི་སྲོལ་འཛིན་ངོར་རྫོང་གོང་དཀར་བ་ཚར་པ་ལ་སོགས་པའི་མཁས་ཤིང་གྲུབ་པ་སྟོན་ཀའི་མཁའ་དབྱིངས་དག་པའི་ངོས་སུ་སྒྲིབ་པ་མེད་པར་རྒྱུ་སྐར་གྱི་ཚོགས་བཀྲག་ཏུ་ཆེ་བ་ལྟར་གྲངས་སུ་མི་ཆོད་པ་བྱོན་པའི་ནང་ནས། རྒྱལ་བ་ཉི་མའི་རྩ་ལག་ཆེན་པོ་རང་གི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་སྣང་བྱེད་ཆེན་པོར་པདྨོའི་གཉེན་ནམ་བསིལ་སྦྱིན་མཁན་གྱི་དཀྱིལ་འཁོར་ལྟར་བསྔགས་ཤིང་ངེས་པ་གྲུབ་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་སྐྱེས་བུ་ཆེན་པོ་