R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 103
[A:103]རྫོགས་པའི་རིམ་པ་རྡོ་རྗེའི་ལུས་ཀྱི་གནད་ཤེས་པ་ལ་བརྟེན་ནས་རང་སེམས་གསལ་སྟོང་ཟུང་འཇུག་གི་མགོན་པོ་མངོན་དུ་བྱ་བའི་ཉེ་ལམ་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྙེན་པའི་དམིགས་རིམ། འཁོར་ལོ་ལྔ་ལྡན་དང་རྡོ་རྗེའི་བཟླས་པའི་སྒོ་ནས་བསྒྲུབ་པའམ་རྦད་པ། ལས་སྦྱོར་ཐུན་མོང་བ་བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་སྒོས་དགྲ་བསྒྲལ་བ། ཐུན་མོང་མ་ཡིན་པའི་འཁོར་ལོ་ལྔ་ལྡན་གྱི་ཁྲིད་དང་བཅས་པ་ཉམས་མྱོང་ཡིད་ཆེས་སུ་ལེགས་པར་ནོས་སོ། །དེ་ཡང་ཟབ་ལམ་འདི་ལ་བརྟེན་ནས་གནས་སྐབས་ཀྱི་དངོས་གྲུབ་ཏུ་མ་ཟད་མཆོག་གི་དངོས་གྲུབ་ཀྱང་བདེ་བླག་ཏུ་བསྒྲུབ་ནུས་པས། མཁྱེན་བརྩེའི་ཞབས་ཀྱིས། ཟབ་ལས་ཆེས་ཟབ་གསང་ཆེན་སྙིང་པོའི་བཅུད། །དཀོན་ལས་ཆེས་དཀོན་ཡིད་བཞིན་རིན་ཆེན་དབང༌། །མཆོག་ལས་ཆེས་མཆོག་སྙན་བརྒྱུད་གདམས་པ་འདི། །ས་སྐྱའི་རྗེ་བཙུན་ཐུགས་ཀྱི་ཉིང་ཁུ་ཡིན། །འདི་འདྲ་རྩེ་གཅིག་བསྒོམས་ན་ལྟ་ཅི་སྨོས། །ཐོས་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཆོས། །ཀུན་གྱི་རང་མཚང་རྗེན་པར་སྟོན་པའི་ཕྱིར། །ཟབ་པར་རློམ་པ་གཞན་གྱིས་དོ་ཟླ་མིན། །ཞེས་བསྔགས་བརྗོད་མཛད་པ་ནི་བླ་མ་དང་གདམས་ངག་ལ་སྔོན་མེད་པའི་མོས་གུས་གཞོན་ནུའི་དགའ་བས་ཐུགས་གཏིང་ནས་ཚིམ་ཞིང་ཤིན་ཏུ་རངས་པའི་གསུང་དུ་མངོན་ཞིང༌། དཔེ་འདི་རང་གི་བསྟན་པ་འཛིན་ངེས་ལས། །གཞན་གྱི་རྣ་བར་མིང་ཙམ་མི་བསྒྲག་ཅིང༌། །སྙིང་ནས་དད་ཀྱང་བསྟན་པ་མི་ཟིན་ན། །ཆོས་རྒྱུན་ཤོད་ལ་དཔེ་རྒྱུན་སྦ་བར་བྱོས། །ཞེས་གསུངས་པ་ཤིན་ཏུ་སྙིང་ལ་བཅང་བྱའི་བསླབ་པར་སྣང་སྟེ་དེང་གི་དུས་འདིར་ལ་ལ་དག་