R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 102
[A:102]ཕྱི་སྒྲུབ་དང་ནང་ལུས་ལ་བརྟེན་པ་རྣམས་སྦྱིན་ཞེས་དང༌། ས་ཆེན་གྱི་འབྱུང་ལུགས་གཏོར་མར་རང་ནང་གི་རྣལ་འབྱོར་པ་ཡིན་ན་བདག་ཉིད་ཀྱི་ལྟེ་བ་ཆོས་འབྱུང་གྲུ་གསུམ་ནང་དུ་བསྡུས་ལ་བཞག་ཅེས་གསང་རྟེན་ལུས་ལ་སྦ་བའི་གནད་ཟབ་མོ་ཟུར་ཙམ་བསྟན་པ་སོགས་ཅུང་ཟད་མ་དགོངས་པ་ཁྲིད་བརྒྱའི་ནང་དུ། སྐྱེད་ཅིང་གསེད་ནས་ཕྱག་བཞིའི་སྲོག་ཐིག་ཕྱུང༌། །གུར་ལའང་འདྲ་ཅོག་ཡར་ཀླུངས་པ་ཡིས་སྦྱར། །ཞེས་ཟུར་ཟ་མཛད་པ་ནི་རྗེ་བཙུན་གྲོལ་མཆོག་མཁས་གྲུབ་ཆེན་པོ་ཡིན་ཡང་ཕྱོགས་འདི་ལ་གཟིགས་པའི་སྤྱན་དཀྱུས་ཐུང་བས་ཐུགས་སུ་མ་ཤོང་བའི་གསུང་ཙམ་མོ་ཞེས་ཟུར་ཟ་བ་མཛད་དོ། །དེ་ཡང་ནང་ཁྲིད་ཀྱི་ཁྲིད་ཚུལ་ལ་ཕྱིའི་བྲག་རྫོང་གིས་བསྐྱེད་རིམ་དང༌། ནང་གསང་གིས་རྫོགས་རིམ་བྱས་པའི་ལུགས་དང༌། བསྐྱེད་རིམ་གོང་ལྟར་ལ། རྫོགས་རིམ་ཡར་ཀླུངས་པ་ལུགས་ཀྱི་ནང་ཁྲིད་ཐུན་མོང་བས་བྱས་པའི་ལུགས་དང༌། རྫོགས་རིམ་ཐུན་མོང་མ་ཡིན་པ་གསང་ཁྲིད་ཀྱིས་བྱས་པ་སོགས་ལུགས་གསུམ་ཙམ་ལས་དང་པོ་ནི་གོང་དུ་སོང་ཟིན་ཟིན་པ་དང༌། ད་ལྟའི་ཕྱག་ལེན་ལ་གསུམ་པ་སོང་ན་གཉིས་པའང་ཞར་ལས་འབྱུང་བས་རྗེ་བཙུན་རྡོ་རིང་པས་སམ་མཁས་གྲུབ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཁྲིད་ཡིག་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེས་མཛད་པའི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལ་གཞི་བྱས། ཡིག་ཆུང་ཞལ་ཤེས་སོགས་ཀྱིས་ལེགས་པར་བརྒྱན་ཏེ། སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། ཡི་གེ་བརྒྱ་པ། བླ་མའི་རྣལ་འབྱོར། དངོས་གཞི་རྟེན་བསྐྱེད་པའི་རིམ་པ་ཁྲིད་གཞུང་དུའང་བཤད་ཀྱང་བྲག་རྫོང་མར་རྒྱས་པར་སོང་བས་ཡང་སྐྱོར་མ་དགོས། བརྟེན་པ་