R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 231
[A:231]གྲགས་ཤིང་ཤིན་ཏུ་རྩུབ་འགྱུར་ཆེ་ཞིང་གཉན་པས་བཀའ་དམ་པར་མཛད། ཁྱད་པར་སྦས་པའི་མགོན་པོ་ལ་རིགས་མང་དུ་ཡོད་པའི་ནང་ནས་སྦས་པའི་མགོན་པོའམ་དམ་ཚིག་གི་མགོན་པོ་ཡིན་པས་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་གཟུགས་བྲིས་འབུར་སོགས་ཀྱང་མི་བཞེད་ཞིང༌། རེ་གཉིས་བྱུང་བ་དག་ཀྱང་ཁྱབ་གདལ་དུ་ཡེ་མི་སྟོན་པ་གནད་ཀྱི་གདམས་པ་ཡིན་གྱི། དེང་སང་འདིའི་སྐུ་འདྲི་བ་དང་སྟོན་པ་སོགས་བག་མེད་དུ་བྱེད་པ་རྣམས་ནི་འདི་དག་རྣ་བས་མ་ཐོས་ཤིང་འཚུབ་འགྱུར་མི་འབྱུང་བ་སོགས་ཀྱང་ཆོས་སྐྱོང་ཡེ་མ་འཁོར་བའི་རྟགས་སོ། །དེས་ན་དམ་ཚིག་ཆེ་ཕྲ་ཀུན་ལ་གཅེས་པར་མཛད་པ་སྨིན་གྲོལ་གདམས་པའི་གནད་མཐའ་དག་མ་ཉམས་པ་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ། ཐོས་བསམ་གྱིས་གཏན་ལ་དབབ་བྱར་སྙན་བརྒྱུད་དང་པོ་བྱིན་རླབས་དང་རྗེས་གནང༌། གཉིས་པ་གདམས་པ་དངོས། གསུམ་པ་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་ལོངས་སྤྱོད་ཀྱིས་མཉེས་པར་བྱས་པ་ལ་བརྟེན་ནས་སྙན་བརྒྱུད་བཞི་པའི་རྟེན་འབྲེལ་ཤུགས་ལས་འགྲིག་པའམ། ཡང་ན་ཚར་པ་རྡོ་རྗེ་འཆང་གིས། དེ་ཡང་ཐོག་མར་ཚོགས་ཀྱི་འཁོར་ལོ་དང༌། །རིན་ཆེན་གསེར་གྱི་མཎྜལ་ལ་སོགས་པ། །སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་བསྒྲིགས་ནས། །སྙན་བརྒྱུད་གཉིས་པ་བྱིན་རླབས་རྗེས་གནང་སྦྱིན། །སྙན་བརྒྱུད་གསུམ་པ་གདམས་པའི་དངོས་གཞི་འདི། །བཀླག་ལུང་མིན་པར་ལག་ལེན་དམར་ཁྲིད་དུ། །བྱིན་པས་སྙན་བརྒྱུད་བཞི་པ་ཤུགས་ལས་འབྱུང༌། །ཞེས་པ་ལྟར་རྡོ་རྗེ་སློབ་དཔོན་མཉེས་པ་དངོས་གྲུབ་ཀྱི་རྩ་བ་དང༌། ཤིན་ཏུ་བཀའ་གཉན་པའི་ཟབ་