R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 230
[A:230]ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་བཞི་པའོ། །། །རྣལ་འབྱོར་དམ་ཚིག་ལྡན་པར་རྟག་འགོ་ཞིང༌། །རྒྱལ་གསུང་གསང་མཛོད་བསྲུང་བའི་གཡར་དམ་མདུད། །མི་ཤིགས་དམ་ཅན་ཡོངས་ཀྱི་སྡེ་དཔོན་ཆེ། །ཞིང་སྐྱོང་གདོང་བཞི་ལྡན་པའི་ཆོས་སྐོར་ལ། །དེ་ཡང་དཔལ་གསང་བ་འདུས་པའི་རྩ་བརྒྱུད་ལེའུ་བཅུ་བདུན་པ་ལས། དྲག་པོ་མི་སྡུག་ཁྲོས་པ་ནི། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །ཕྱག་བཞི་པ་ནི་ཆོ་ག་ཡིས། །ཕྱག་ན་ཐོད་པ་བསྣམས་པར་བསྒོམ། །ཞེས་དངོས་སུ་བསྟན་ཅིང༌། དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་ལས་ཀྱང་གསལ་བར་བསྟན་པའི་སྟོབས་འཕྲོག་ནག་པོ་ཆེན་པོ་གདོང་བཞི་པའམ་དྲག་པོ་གཟི་ལྡན་དབང་ཕྱུག་ཏུ་གྲགས་པ་འདི་ཉིད་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེས། དེ་ལྟར་རྒྱལ་བའི་དྲི་མེད་རྒྱུད་སྡེ་ལས། །གསུངས་པའི་བསྟན་སྲུང་ཀུན་གྱི་མཆོག་གྱུར་པ། །དྲག་ཤུལ་མཐུ་ལྡན་སྟོབས་འཕྲོག་ནག་པོ་ཞེས། །རྒྱ་བོད་མཁས་གྲུབ་ཀུན་ལ་རླུང་ལྟར་གྲགས། །ཞེས་གསུངས་པ་ལྟར་འཕགས་པའི་ཡུལ་དུ་སངས་རྒྱས་གཉིས་པ་དཔལ་མགོན་ཀླུ་སྒྲུབ་ཞབས། བསོད་སྙོམས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ། མ་ཧཱ་པཎྜི་ཏ་འབུམ་ཕྲག་གསུམ་པ། རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོ་སོགས་པཎ་གྲུབ་དུ་མས་ཆོས་སྐྱོང་གི་གཙོ་བོར་མཛད་ཅིང༌། བསིལ་ལྡན་ཁ་བའི་ལྗོངས་འདིར་སྐད་གཉིས་སྨྲ་བའི་དབང་པོ་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་གདན་དྲངས་པའི་བསྟན་སྲུང་བརྒྱ་རྩ་ཙམ་གྱི་ནང་ནས་གཙོ་བོར་གྱུར་པ་བཟུང༌། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་བསྟན་པ་སྲུང་བའི་མཚོན་ཆར་མགོན་པོ་ཆེ་ཆུང་གཉིས་སུ་དབྱེ་བའི་ཆུང་བར་