R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 343
[A:343]། དཔལ་ལྡན་ལྷ་མོ་སྟག་ཞོན་ཏྲཀྵད་ཞང༌། །བསྟན་སྲུང་ཆོས་སྐོར་རྒྱ་མཚོ་ཐོས་ཚུལ་ལོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། དུར་ཁྲོད་ཡབ་ཡུམ་སོགས་བཀའ་སྲུང་རྣམས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་བདུན་པའོ། །། །གཉིས་པ་དེ་ཐམས་ཅད་ཀྱི་རྒྱབ་བརྟེན་ལུང་གི་ཚོགས་ཐོས་པའི་བརྒྱུད་རིམ་ལ་གཉིས། མཁས་གྲུབ་རྣམས་ཀྱི་བསྟན་བཅོས་དང༌། སྟོན་པའི་བཀའ་ལུང་རིན་པོ་ཆེའོ། །དང་པོ་ནི། སྟོབས་བཅུ་མངའ་བའི་བསྟན་པའི་སྣང་ཕྱེད་མཁས་ཤིང་གྲུབ་བརྙེས་བླ་མ་དམ་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ནི། མགོན་པོ་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འགའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་གསུངས་པ་ལྟར། མདོ་སྔགས་ཕྱོགས་ཀྱི་ཐ་སྙད་སོ་སོར་དབྱེ་བར་དཀའ་བ་བསྟན་བཅོས་སྣ་ཚོགས་པའི་སྐོར་གྱི་ལུང་ཁྲིད་མནོས་པའི་རྣམ་གྲངས་ལ། རྒྱ་གར་གྱི་པཎ་གྲུབ་ནག་པོ་སྤྱོད་པའི་རྡོ་རྗེ་དེ་ཉིད་གངས་རིའི་ལྗོངས་འདིར་སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྤྲུལ་པའི་སྐུའི་སྐྱེ་བ་བཞེས་པ། འཇམ་མགོན་གྲུབ་པའི་དཔའ་བོ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ཞེས་བྱ་བས་ཐུབ་བསྟན་རིན་པོ་ཆེ་ཐུགས་ཀྱི་དཔལ་བེའུར་བཅངས་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་པའི་རྗེས་སུ་བསྒྲུབས་ཏེ། དམ་པའི་ཆོས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་བཅལ་བའི་ཁྲིད་བརྒྱའི་སྐོར་ནོས་པ་ལ། ཟབ་ཁྲིད་བརྒྱ་