R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 550
[A:550]ཅོག་གི་ལུང་ཐོབ་པར་འདོད་པ་དང༌། དཔོན་སློབ་ངོས་ཀྱིས་མ་མཇལ་བར་དགོངས་པ་གཏད་པ་ལས་བྱུང་བའི་དབང་ལུང་དགོངས་གཏད་མ་ཞེས་གྲགས་པའི་རང་དགའི་ལྷ་ཆོས་ཐོས་ལོ་ཙམ་གྱིས་བསྟན་པ་ལ་རྨ་སྲོལ་འབྱིན་པའི་ལུགས་ངན་གྱི་རྒྱུན་མཐུད་ལྟ་བུ་མ་ཡིན་པར། མཐར་ཆགས་སུ་བཀླགས་པའི་ལུང་གི་རྒྱུན་ཚད་ལྡན་གང་དག་བཞུགས་པ་ལས། ཁེངས་པ་བསྐྱུངས་ཏེ་འབད་རྩོལ་ཆེན་པོས་གསན་པ་དང་བཤད་པའི་རྒྱུན་མི་ནུབ་པར་ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་ད་ལྟའི་བར་དུ་དར་རྒྱས་སུ་བཞུགས་པ་ལས། རང་གིས་ཀྱང་ཅུང་ཟད་རེ་མཉན་དུ་ཡོད་པ་ནི། དལ་འབྱོར་གྱི་ལུས་ལས་སྙིང་པོ་མཆོག་བླངས་པར་འགྲོ་བ་ཡང༌། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་རིགས་ཀྱི་བུ་གང་ལ་ལ་ཞིག་གིས་ཛམྦཱུའི་གླིང་གི་སེམས་ཅན་དེ་དག་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་ལ་འཇོག་ཅིང༌། བཞག་ནས་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་རྗེད་ཅིང་མཆོད་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཉན་པ་དང༌། འཆང་བ་དང༌། འདྲི་བ་དང༌། འདྲིར་བཅུག་པ་དང༌། གཞན་ལ་རྒྱས་པར་བྱེད་ན། དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ་ཞེས་དང༌། དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང༌། གང་གིས་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང༌། གང་ཡི་གེ ར་འདྲི་བ་དང༌། གང་ཡི་གེ ར་འདྲིར་འཇུག་པ་དང༌། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་དུ་རྒྱས་པ་མངོན་པར་ཤེས་པ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ངམ། བསྟན་ཏམ། ཐོས་