R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 551
[A:551]སམ། ཡི་གེ ར་བྲིས་སམ། ཡི་གེ ར་འདྲིར་འཇུག་གམ། གླེགས་བམ་དུ་བྱས་ཏེ་བསྟི་སྟང་དུ་བྱེད་པ་དང༌། བཙུན་པར་བྱེད་པ་དང༌། བཀུར་སྟིར་བྱེད་པ་དང༌། མཆོད་པ་བྱེད་པ་ལ་སོགས་པ་རྒྱ་ཆེར་གསུངས་ནས། རིགས་ཀྱི་བུ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀློག་པའམ། སྟོན་པའམ། ཡི་གེ ར་འདྲི་བ་རུང་སྟེ། རིགས་ཀྱི་བུ་དེ་མིག་གི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །སྣའི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ལྕེའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཡིད་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །དེ་ཡོན་ཏན་བརྒྱ་ཕྲག་མང་པོས་དབང་པོ་དྲུག་གི་གྲོང་ཡོངས་སུ་དག་ཅིང༌། ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་མང་པོར་ལན་གཅིག་མ་ཡིན་པར་བཀའ་སྩལ་པ་ལྟར། ཆོས་ཀྱི་རྣམ་གྲངས་རེ་རེ་ཙམ་ཐོས་པར་གྱུར་ནའང༌། བསོད་ནམས་ཀྱི་ཕུང་པོའི་ཚད་ནི་ནམ་ཡང་མུར་ཐུག་པ་མ་མཆིས་སོ་སྙམ་ནས་ཡིད་ཀྱི་དབང་པོ་དེར་ཕྲོགས་པར་བརྟེན། ཡང་དག་པའི་དགེ་བའི་བཤེས་ཀྱི་ཞབས་ཟུང་གི་ཆུ་སྐྱེས་དག་སྤྱི་བོས་བསྟེན་ཅིང་གུས་པས་མཉན་པ་ལ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་བྱུང་བ་འདུལ་བ་ལུང༌། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེར་ཕྱོགས། མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལས་བྱུང་བ་དཀོན་བརྩེགས་དང་ཕལ་ཆེན། འཁོར་ལོ་གསུམ་པོ་ཅི་རིགས་པར་གཏོགས་པ་སྡེ་ཚན་ཕྱོགས་གཅིག་བསྒྲིགས་པ་