R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 561
[A:561]མཁྱེན་རྡོ་རྗེ་གདན་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། མཁན་ཆེན་ཆོས་གྲུབ་སེངྒེ། དོལ་ཆོས་འཁོར་སྒང་གི་ཆོས་རྗེ་རྣམ་རྒྱལ་བ། མཁན་ཆེན་རིན་ཆེན་ཀུན་ལྡན། འདུལ་འཛིན་རྡོ་རྗེ་གྲགས་པ། ཡོངས་འཛིན་དགེ་འདུན་ལེགས་གྲུབ། དཔལ་འབྱོར་གླིང་བ་ངག་དབང་རྣམ་རྒྱལ། མགོན་པོ་བསོད་ནམས་མཆོག་ལྡན། སྤྲུལ་སྐུ་པདྨ་ཕྲིན་ལས། ཞེས་འདུག་པ། པདྨ་ཕྲིན་ལས་པས་བཀའ་འགྱུར་བ་ལས་འདུལ་པ་ཡོངས་རྫོགས་གསན་ཡོད་ཚེ་བརྒྱུད་པ་སོ་སོར་སྨོས་པ་འདི་མི་དགོས་པས་སླར་དཔྱད། །༈། །གཉིས་པ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལ། ཡུམ་རྒྱས་པ་འབུམ་པ་ནི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་སྤྱན་དྲངས་པའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ཏུ་ངུ༌། ཡོངས་གཏད་དེ་ལེའུ་བཞི་གདེངས་ཅན་རྣམས་ཀྱི་མཆོད་གནས་སུ་བཞག་པས་མིའི་ཡུལ་དུ་མ་འདྲོངས། དེང་སང་བྱམས་ཞུས་དང་ཆོས་འཕགས་བསྡོམས་པའི་ལེའུ། རྟག་ཏུ་ངུའི་ལེའུ། ཡོངས་གཏད་དེ་ལེའུ་གསུམ་དུ་སྣང་བ་ཉི་ཁྲི་དང་བརྒྱད་སྟོང་པ་ནས་ཁ་བསྐངས་པ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་ནས་བསྒྱུར་བ་ཡོད་པས་དངོས་བསྟན་དུ་འཁྲུལ་གཞི་མི་བྱ་ཞིང༌། དེའང་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་བས་རླངས་ཀྱི་ཐུགས་འགྱུར་མ། རྗེ་བཙད་པོའི་མཚལ་ཁྲག་དང་ར་དཀར་གྱི་འོ་མ་སྦྱར་ནས་བྲིས་པའི་དུམ་པ་བཞི་པ་ལ་རེག་ཟིག་དམར་པོ་ལྷ་ས་གོང་གི་སོ་ཕག་མཆོད་རྟེན་གྱི་ནང་བཞུགས་ལ་ཡོད་པར་གྲགས། ལ་ལ་ཀོང་པོ་བུ་ཆུར་ཡོད་ཟེར་བ་ནི་