[A:༤༠༤]མེད་བཞིན་དུ། དྲུང་ན་གནས་པ་ཀུན་ལ་ཕྲེང་བའི་སྣེ་མོ་དང་གྲངས་འཛིན་དུ་བཅུག་ནས་བསྙེན་པའི་རིམ་པ་རྣམས་མཛད་དོ། །ཉི་ཤུ་ལྔའི་ཉི་མ་ཕྱེད་ཙམ་ན་མཆོད་པ་དང་གཏོར་མ་བཟང་པོ་ཤོམས་གསུངས། བཤམས་པས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་རླབས་རྒྱས་པར་མཛད་ནས་ཡི་དམ་མང་པོའི་སྔགས་དང་ཕྱག་རྒྱ་མང་པོ་མཛད་ནས་ཕུལ་ཏེ། གསོལ་བ་བཏབ། སྨོན་ལམ་ཡང་མང་པོ་མཛད་ནས། དགོངས་མོའི་ཚེ། དོ་ནུབ་མར་མེ་གསལ་པོ་གྲབ་གྱིས། ཁྱེད་རྣམས་ལ་བྲེལ་པ་ཅིག་བྱུང་ཉེན་ཡོད་དོ་གསུངས། ཐུགས་དམ་གྱི་རིམ་པ་ཐམས་ཅད་གྲུབ། སྲོད་ཀྱི་དུས་སུ་ཞབས་དྲུང་ན་གནས་པ་ཀུན་ལ་ཁྱེད་རྣམས་རེས་ཅིག་རང་སར་རྒྱུགས་གསུངས་ནས་སོང༌། ཆེན་པོ་རིན་རྒྱལ་དང༌། དགེ་བཤེས་བཟང་རྒྱལ་གཉིས་ཞབས་དྲུང་ན་ཡོད་པའི་ཚེ། འོ་ད་རན་བྱུང་གསུངས་ནས་བཞེངས་པའི་ཚུལ་མཛད་གིན་འདུག །ཟེར་མ་ཅིག་འོང་བ་ལགས་སམ་ཞུས་པས། མིན་ང་རང་ལ་རྒྱུས་ཅིག་བདོག་གི་ཅོག་གེ་མ་རེག་པར་ཞོག་ཅིག་གསུངས་ནས། འདི་འདྲ་བའི་བདེ་བ། མི་འགྱུར་བའི་བདེ་བ། འཛག་མེད་ཀྱི་བདེ་བ་ཞེས་སོགས་དང༌། རྡོ་རྗེའི་ཚིག །ཐིག་ལེ་སྟོང་པ་འགྱུར་མེད་དྲུག །དབུ་མའི་ཐིག་ལེ། སྟོང་པ་ཉིད་ཀྱི་ཐིག་ལེ་ཞེས་བརྡའི་ཚིག་མང་པོ་གསུངས་ཤིང་གཟུགས་སྐུའི་བཀོད་པ་འོད་གསལ་དུ་འཇུག་པའི་རིམ་པས་དོན་དམ་ཆོས་སྐུའི་ངང་དུ་ཐིམ་པ་ལས་བཞེངས་ཏེ། ཟུང་འཇུག་བདེ་བ་ཆེན་པོའི་སྐུ་མངོན་དུ་མཛད་པ་ཞིག་ཏུ་ངེས་ཏེ། དེ་ཡང་རྒྱུད་དང་མན་ངག་ཐམས་ཅད་མཐུན་པར་དབང་པོ་རབ་་ཚེ་འདི་ལ་ཟུང་འཇུག་གི་བདེ་བ་ཐོབ་སྟེ་གྲུབ་མཐའ་སྙེགས། འབྲིང་ཚེ་འདིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སྐྱེས་བུ་གོམ་པ་འདོར་བ་བཞིན་རེས་འཇོག་ཏུ་རྒྱུད་ལ་སྐྱེ་བ། སྤྱོད་པ་གསུམ་གྱིས་མཚམས་མ་སྦྱར་ན་ཟུང་འཇུག་མི་ཐོབ་པ་ལ། འཆི་ཁའི་རྐྱེན་གྱིས་རླུང་སེམས་ཀྱི་མདུད་པ་གྲོལ་ཞིང༌། དེས་སྤྱོད་པའི་ཚ་བ་བྱས་ནས་སྔར་གྱི་བདེན་པ་གཉིས་སོ་སོའི་ཏིང་ངེ་འཛིན་གཅིག་ཏུ་འདྲེས་ནས་ཟུང་འཇུག་གི་བདེན་པ་