R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༤༠༥
[A:༤༠༥]མཐོང་སྟེ་གྲུབ་མཐའ་སྙེགས་པར་བཤད་པས་འདིར་ནི་དེ་ཡིན་པར་མངོན་ཏེ། མི་འགྱུར་བའི་བདེ་བ། འཛག་མེད་ཀྱི་བདེ་བ་ཞེས་གསུངས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟུང་འཇུག་གི་བདེན་པ་མཐོང་བ་དེ་ཡིན་པར་བཤད་པའི་ཕྱིར་རོ། །དབང་པོ་ཐ་མ་ཚེ་འདིར་ཀུན་རྫོབ་ཀྱི་བདེན་པའི་ཏིང་ངེ་འཛིན་མ་རྫོགས་ཤིང༌། མི་བརྟན་ལ། དོན་དམ་བདེན་པ་ཅུང་ཟད་མཐོང་ཡང་བརྟན་པ་མ་ཐོབ་པས། འཆི་ཁར་ཟུང་འཇུག་མི་ཐོབ་པས་བར་དོའི་སྣང་བ་ཤར་བ་ན་སྔར་བདེན་གཉིས་ཀྱི་ཏིང་ངེ་འཛིན་ཅུང་ཟད་སྐྱེས་པ་ལ་བརྟེན་ནས། བར་དོའི་གདམས་ངག་དྲན་པ་ཙམ་གྱིས་ཟུང་འཇུག་ཐོབ་བོ། །དབང་པོ་ཐ་མའི་ཡང་ཐ་མ་ནི། ཚེ་འདིར་ཀུན་རྫོབ་བདེན་པའི་ཏིང་ངེ་འཛིན་ཅུང་ཟད་ཅི་རིགས་པ་སྐྱེས་ན་སྐྱེ་བ་ཕྱི་མའམ། ཏིང་ངེ་འཛིན་མ་སྐྱེས་ཀྱང་ལམ་ལ་གོམས་ཤིང་དམ་ཚིག་དང་སྡོམ་པ་མ་ཉམས་ན་སྐྱེ་བ་བདུན་ནམ་བཅུ་དྲུག་ན་གྲུབ་མཐའ་སྙོགས་པར་བཤད་པས། ཆོས་རྗེ་ཉིད་ནི་འཆི་ཁར་གྲུབ་མཐའ་སྙོགས་པའི་རྟགས་གོང་དུ་བཤད་པ་དང༌། ལྷག་པའི་ལྷ་དང་དཔའ་བོ་མཁའ་འགྲོས་བསུ་བ་བྱུང་བ་ལ་སོགས་པ་རྣམས་སྣང་བའི་ཕྱིར་ངེས་པའོ། །ཞི་བར་གཤེགས་པའི་སྔ་དྲོ་ས་གཡོ་བ་ཆེན་པོ་དང༌། ནམ་མཁའ་ལ་སྒྲ་ཆེན་པོ་ཐམས་ཅད་ཀྱིས་ཚོར་བ་བྱུང་ཞིང༌། མེ་ཏོག་གི་ཆར་བུ་ཡུག་ལྟར་དུ་བབ་ཅིང་གདུང་བཞུ་བའི་ཚེ་ནམ་མཁའ་ལ་འཇའ་ཚོན་འཁྲིགས། མེ་ཏོག་གི་ཆར་བབ། སྐུ་གདུང་རིང་བསྲེལ་མང་དུ་བྱོན། དབུ་ཐོད་རིལ་པོར་བྱོན་པ་རིན་ཆེན་སྒང་གི་ནང་རྟེན་དུ་བཞུགས་སུ་གསོལ། ས་སྐྱ་ལ་སོགས་པར་གདུང་གང་དུ་སྤྱན་དྲངས་པའི་ས་དང༌། ཟླ་མཆོད་དག་གི་ཚེ་ཡང་མེ་ཏོག་གི་ཆར་ཆེན་པོ་འབབ་པ་མི་ཐམས་ཅད་ཀྱིས་མཐུན་སྣང་དུ་མཐོང་ངོ༌། །བཞི་པ་དེ་ལས་ལམ་འབྲས་བུ་འཕེལ་བ་ནི་གསུང་ངག་དར་ན་དགོངས་ཤིང་ཆོས་འདིའི་བདག་པོ་ཡིན་པས་མཁས་གྲུབ་དུ་མ་ལ་ཞུས་ནས་གནང་བས། གཞུང་མན་ངག་རྟོགས་པའི་རྒྱུད་འཛིན་གངས་ཅན་གྱི་ཁྲོད་ན་བསམ་གྱིས་མི་ཁྱབ་པ་བཞུགས་ཏེ། ཆོས་རྗེ་ཉིད་ཀྱི་ལམ་འབྲས་ཀྱི་ཁྲིད་ཡིག་ལོ་རྒྱུས་གཞུང་བཤད་