R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༣༥
[A:༡༣༥]གདན་ས་བཀའ་གྲོས་པ་རྣམས་ཀྱིས་ཀྱང༌། རྣམ་རྒྱལ། སྒྲོལ་མ། མཚན་བརྗོད་འབུམ་ཐེར། གསུང་རབ་ཀློག་པ། མགོན་པོའི་མཆོད་གཏོར། བསྐང་གསོ་ལ་སོགས་པ་ལེགས་པར་བསྒྲུབས་ཤིང༌། སྐུ་རིམ་ལ་དམིགས་པའི་མདོས་ཆེན་གཅིག་བསྒྲུབ་པར་ཞུས་པ་ན། དེ་བཞིན་བྱས་པས་ཡོང༌། ང་ལ་ཕན་པ་ཆེར་མེད་ནའང༌། སྡེ་འདི་ལ་ཕན་པར་འདུག་གིས་གསུང་ཞིང༌། བཀའ་གྲོས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་མདོས་ཆེན་གྱི་སྐུ་རིམ་བཙུགས། དེ་དག་གི་གནས་སྐབས་ཐམས་ཅད་དུ་རྗེ་འདི་ཉིད་ནི་སྔར་ལས་ཐུགས་བདེ་ཉམས་ཆེ་ཞིང་དགྱེས་ཚོར་དང་བཅས་པའི་ངང་ནས། ནང་དུ་ཟག་མེད་ཀྱི་དགའ་བཞིའི་ཡེ་ཤེས་ཐུགས་རྒྱུད་ལ་འཁྲུངས་པ་རྟགས་སུ་ཧ་ཧ་ཧི་ཧི་ལ་སོགས་པའི་བཞད་པའི་ཉམས་མནན་པས་མི་ནོན་པ་ཕྱི་རོལ་རྒྱང་རིང་པོ་ནས་ཐོས་པ་དང༌། སྲོད་ཐོ་རངས་ཀྱི་དུས་སུ་ཆོས་སྐྱོང་གི་བསྟོད་པའི་དབྱངས་ཤུགས་འབྱུང་དུ་ལན་མང་པོ་མཛད་པ་སོགས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་དག་པའི་གཟིགས་སྣང་མང་པོས་དུས་འདའ་བར་སྣང་ཞིང༌། ལྷག་པར་ལན་ཅིག་གི་ཚེ་ཡུན་རིང་པོ་ཞིག་སྤྱན་ནམ་མཁའ་ལ་ཅེ་རེ་གཟིགས་ཤིང༌། འོ་མི་རྣམས་ཀྱིས་ང་ལ་ཁོ་ཆོས་ཀྱི་རྒྱལ་པོ་ལ་མི་མོས་ཟེར་དེ་ཨེ་བདེན་པར་འདུག །ཆོས་ཀྱི་རྒྱལ་པོ་ང་ལ་ཐུགས་རྗེས་འཛིན་པར་ངེས། ད་ལྟ་རང་རྗེ་བཙུན་ཆེན་པོ་དང༌། ཆོས་ཀྱི་རྒྱལ་པོ་དང་རྗེ་བཙུན་འཇམ་དབྱངས་ཆེན་པོ་རྣམས་སྐུ་འོད་མེར་རེ་ནམ་མཁའི་མཐོངས་ན་བཞུགས་འདུག་གསུང་བ་དང༌། ཡང་ཚ་མདའ་ནས་ཀྱི་འཚོ་བྱེད་ཅིག་ལ་སོགས་པ་ཕྱགས་ཕྱི་བ་འགའ་རེ་སྐུ་དྲུང་ན་ཡོད་པའི་དུས་སུ། ནུབ་ཕྱོགས་ཕ་ཀི་ན་འོད་སྐྱ་