R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༣༤
[A:༡༣༤]ཁམས་ཅུང་ཟད་བསྙེལ་བའི་ཚུལ་བསྟན་ཞིང༌། ཕྱི་རོལ་ཏུ་ཡང་དེའི་ལོ་དགུན་གྲང་སྒང་ལ་གྲུམ་པའི་ཆུ་ཆེར་རྒྱས་ནས་བླ་བྲང་ཟམ་པ་ལ་མ་ཤོང་བར་ཚོགས་ཆེན་མོར་ལུད་པ་དང༌། སྟོན་ཀ་སྐྱེད་ལྷས་ཀྱི་སེ་འབྲུམ་སོགས་ཀྱང་ཆེར་མ་སྐྱེས་ཤིང༌། ཅུང་ཟད་སྐྱེས་པ་རྣམས་ཀྱང་དེ་མ་ཐག་སྐམ་པ་དང༌། ས་ཆེན་པོ་ཡང་སྐབས་སྐབས་སུ་གཡོ་ཞིང༌། དུས་མ་ཡིན་པའི་རླུང་སྒྲ་སྒྲོག་པ་དང༌། འོད་འཁྱུག་པ་ལ་སོགས་པའི་ལྟས་མང་དུ་བྱུང་བས། སྐྱེ་བོ་གཞན་རྣམས་ཀྱང་ཐེ་ཚོམ་དུ་གྱུར། རྗེ་ཉིད་ནི་ཐུགས་མི་བདེ་བ་མེད་བཞིན་དུ་གཞན་རྣམས་ཀྱི་བློ་ངོ་དང་བསྟུན་ཏེ། སྨན་གྲོང་ནས་ནང་པ་དྲུང་རྡོར་པ་སྤྱན་དྲངས་ཏེ་ཕྱག་རྩ་འབུལ་བ་དང༌། གསོལ་སྨན་ཞུ་བ་སོགས་མཛད་པ་དང་དུ་བཞེས། ཟླ་བ་བརྒྱད་པའི་ཉེར་བརྒྱད་ཙམ་ལ། དགེ་སློང་དོན་རྒྱལ་བ་སྐུ་དྲུང་དུ་བོས་ནས། བཙུན་པ་ཤི་བའི་ཤུལ་དུ་ནོར་མང་པོ་ལུས་པ་འདི་དོན་དུའང་མི་འགྱུར་ཞིང༌། འཇིག་རྟེན་པ་རྣམས་ཀྱིས་ཀྱང༌། ཕྱར་ཀའི་གནས་སུ་བྱེད་པས། དངོས་པོ་སྟོབས་ཆེ་བ་འདི་དང་འདི་དག་གདན་སར་དགེ་འདུན་རྣམས་ཀྱི་ཕྱག་ཏུ་ཕུལ། ཆོས་ཀྱི་རྒྱལ་པོའི་དབུ་ཐེབ་ཉིན་མོ་བདེ་ལེགས་མ་འདི་གཞན་བཞེས་པའི་འོས་མི་འདུག་པས། སློབ་དཔོན་ཆེན་པོ་ཀུན་དགའ་བཀྲ་ཤིས་པ་ལ་ཕུལ་གསུང་བ་སོགས་ཀྱི་ཞལ་ཏ་ཕེབས། དགེ་སློང་པས་ཀྱང་དེ་འཕྲལ་གདན་སར་ཕེབས་ཏེ། ཇི་ལྟར་གསུང་པ་བཞིན་གྱི་སྐུ་རིམ་རྣམས་བསྒྲུབས། ཉེར་བརྒྱད་ཀྱི་ཉིན་ནང་པ་དྲུང་རྡོར་བ་ལ་སོགས་པ་ཕྱགས་ཕྱི་བ་རྣམས་ཀྱིས་འདོལ་ལེར་སྤྱན་དྲངས་ནས་བཞི་ཐོག་བླ་བྲང་གི་གཟིམས་ཁང་དུ་ཕེབས་པ་ན། འདིར་སླེབ་པ་དེ་གོ་བཅད་བློ་བདེ་གསུངས། སང་ཉིན་དེ་ནས་ཀྱང་