[A:༡༣༦]ཁྱིལ་ལེ་བ་ཞིག་འདུག་པ་ཅི་ཡིན་པར་འདུག །ཁྱེད་རྣམས་ཀྱིས་ཨེ་མཐོང་གསུང༌། ཡང་ལན་ཅིག་ལྷ་རྗེ་དྲུང་ན་ཡོད་པའི་ཚེ། འཚོ་བྱེད་ཁྱོད་ཀྱི་ཡིད་ལ་མཁའ་འགྲོ་མ་འདི་རྣམས་ཀྱི་ད་ལྟ་རང་གདན་འདྲེན་བསམ་པ་ཨེ་འདུག །དེ་འདྲ་མི་དགོས་ག་ལེ་བྱས་ནས་གདན་དྲངས་ཏེ་འགྲོ་བ་ཡིན་གསུངས། དེ་ནས་ཅུང་ཟད་སོང་བ་ན་ཉི་མཐོངས་ལ་ཕེབས། དེའི་ཚེ་མདོས་རྣམས་ཀྱང་བཏང་བར་ཡོད་པ་ན། མདོས་འགྲོ་ཡི་འདུག་གམ་གསུངས། འདུག་ལགས་ཞུས་པས། མདོས་ཐོངས་པ་ཙམ་གྱི་ཚོད་ལ་དེའི་རྒྱབ་ལ་དམིགས་ནས་ཕྱག་གིས་ཐལ་མོ་ལན་གསུམ་བརྡེབ་པ་གནང༌། དེ་ནས་ཡུན་རིང་བ་ཞིག་ན་ནང་པ་དྲུང་རྡོར་བས་ཐུགས་དམ་ལ་བཞུགས་རན་འདུག་ལགས་ཞུས་པས། དེ་བཞིན་བྱེད་གསུངས་ནས་ཚོམ་ཆེན་གྱི་ཤར་སྦུག་ཏུ་བཞུགས་གདན་ལ་ཕེབས་པ་ན། དེ་མ་ཐག་སྐུ་གཟུགས་དྲང་པོར་བསྲངས། ཞལ་ལྷོར་གཟིགས་ནས་རྒྱུད་སྡེ་རིན་པོ་ཆེ་ལས་གསུངས་པའི་འདའ་ཀ་མའི་རྣལ་འབྱོར་ཟབ་མོའི་ངང་དུ་ཐུགས་མཉམ་པར་བཞག་སྟེ། དགུང་ལོ་ལྔ་བཅུ་རྩ་གཉིས་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་དགུ་པའི་ཚེས་བཞིའི་ཉི་མ་ཤར་དྲོས་པ་ཙམ་ལ་གཟུགས་སྐུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བདེ་བ་ཆེན་པོའི་ངང་དུ་བསྡུ་བར་མཛད་དོ། །དེའི་ཚེ་ཟླ་བ་གཉིས་ཙམ་གྱི་གོང་ནས་ནམ་མཁའ་གཡའ་དག་ཅིང༌། མེ་ཏོག་གི་ཆར་ཆེན་པོ་སིལ་མར་འབབ་པ་དང༌། ཁྱད་པར་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཡུན་རིང་པོའི་བར་ལ་ནམ་མཁའ་འཇའ་ཚོན་གྱི་དྲ་བས་ཁེབས་ཤིང༌། ལྷའི་སྤོས་ཀྱི་དྲི་ངད་ཁྱད་པར་ཅན་ལྡང་བ་དང༌། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཆེན་པོ་ཁ་བ་བུ་ཡུག་འཚུབ་པ་ཙམ་