[A:༤༤]གྱི་ནང་ཚན་འཁོན་ཀླུའི་དབང་པོ་བསྲུང་བ་ཞེས་གྲགས་པ་དེ་ཡིན། བཞི་པ་ཚེ་འཛིན་གྱི་སྲས་རྡོ་རྗེ་རིན་ཆེན། ཀླུའི་དབང་པོ་དང་འདི་གཉིསཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞབས་ལ་གཏུགས་ཏེ། གསང་སྔགས་རྙིང་མའི་ཆོས་ལ་མཁས་ཤིང་གྲུབ་པར་གྲགས། དེ་ནས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལ་ཐུག་གི་བར་གདུང་རབས་བཅུ་ཙམ་གྱི་རིང་ལ། དཔལ་ཆེན་པོ་ཡང་དག་དང༌། རྡོ་རྗེ་ཕུར་པ་ལ་ཐུགས་དམ་གྱི་མཐིལ་མཛད། བྲག་ལ་ཕུར་པ་ཐེབས་པ་དང༌། རྔ་ལ་ཞོན་ནས་ནམ་མཁའ་ལ་འགྲོ་བ་ལ་སོགས་གྲུབ་རྟགས་ཀྱི་རྫུ་འཕྲུལ་སྣ་ཚོགས་མངོན་སུམ་དུ་སྟོན་ནུས་པ་དཀར་བདུད་དང་བསྟན་མ་བཅུ་གཉིས་ཆོས་སྐྱོང་དུ་མཛད་ཅིང་བྲན་དུ་བཀོལ་བ་ཤ་སྟག་བྱུང༌། ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་དཀོན་ཅོག་རྒྱལ་པོར་གྲགས་པ་འདི་ནས་བཟུང་སྟེ་གསང་སྔགས་ཕྱིས་འགྱུར་གྱི་བདག་པོར་གྱུར་པ་ཡིན་ཏེ། དེ་ཡང་སློབ་དཔོན་པདྨས། རྒྱ་གར་བི་རུ་ནག་པོ་ཡི། །སྤྲུལ་པ་འབྲོག་མི་ལོ་ཙཱ་འབྱུང༌། །ཞེས་ལུང་བསྟན་པའི་རྩོད་དུས་ཀྱྀ་རྡོ་རྗེ་འཆང་ཆེན་པོ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་སོགས་པ་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་གསང་སྔགས་གསར་མའི་གཞུང་གདམས་ངག་མང་དུ་ཞུས། དགུང་ལོ་བཞི་བཅུ་པ། སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པའི་ནང་ནས་ཕྲག་བདུན་པ་མངོན་པའི་དུས་ཀྱི་ལྔ་བརྒྱའི་སྟེང་ནས་ལོ་ཉིས་བརྒྱ་དང་བདུན་ལོན་པའི་ཆུ་མོ་གླང་གི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་ལ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་བཏབ། འདི་མན་ས་སྐྱ་འཁོན་གྱི་གདུང་བརྒྱུད་དུ་གྲགས། དེའི་སྲས་ཇོ་བོ་རྗེ་ལྷ་