[A:༤༥]གཅིག་གི་བནྡེ་བྱང་ཆུབ་སེམས་དཔའ་བྱང་སེམས་སྦྱིན་པ་དཔལ་གྱི་རྣམ་འཕྲུལ་ལས། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ཞེས་ཁ་བ་ཅན་གྱི་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་དམ་པར་བྱ་བ་དེ་བྱོན། འདི་ནས་འཇམ་དབྱངས་ཀྱི་གདུང་བརྒྱུད་ཅེས་གླེང་བའི་རྒྱུ་མཚན་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ནས་མངའ་རིས་སྟོད་སོགས་སུ་ལོ་གསུམ་བཞུགས། འབྲོམ་སྟོན་པས་སྤྱན་དྲངས་ཏེ་དབུས་ལ་ཕེབས་པའི་ལམ་འབྲོང་ངུ་ལའི་རྩེ་མོར་ཕེབས་པ་དང༌། དབོན་པོ་རི་གཟིགས་པས། དེའི་ངོས་ལ་འབྲོང་ཆེན་པོ་གཉིས་རྩ་ཟ་ཞིང་ཡོད་པ་གཟིགས། འཁོར་རྣམས་ལ་འདི་ལྟར་འདུག་གསུངས། དེ་ཅིའི་ལྟས་ལགས་ཞུས་པས་མ་འོངས་པའི་དུས་སུ་མ་ཧཱ་ཀཱ་ལ་གཉིས་དེར་འཕྲིན་ལས་མཛད་པའི་ལྟས་སུ་འདུག་གསུངས། དེང་སང་ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ལ་བྱེད་པ་འདི་ལུང་བསྟན། དེ་ནས་ཕྱག་འཚལ་སྒང་དུ་ཕེབས་པ་དང་ཆིབས་པ་བབས་ནས་མཆོད་པ་ཤོམས་གསུངས། ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པར་མཛད། དེ་ལྟར་མཛད་པ་ཅི་ལགས་ཞུས་པས། ཁྱེད་རྣམས་ཀྱིས་མ་མཐོང་ངམ་ས་དཀར་པོ་ཕ་གའི་ལོགས་ལ་དྷཱིཿཡིག་བདུན་དང་ཧཱུཾ་ཡིག་གཅིག་འདུག་པ་ལ་ཕྱག་མཆོད་བྱས་པ་ཡིན་གསུང༌། དེ་ཅིའི་ལྟས་ལགས་ཞུས་པས། མ་འོངས་པའི་དུས་སུ་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་དང༌། ཕྱག་ན་རྡོ་རྗེའི་སྤྲུལ་པ་གཅིག་སྟེ་བརྒྱད་ཕ་གིར་བྱོན་ནས་འགྲོ་བའི་དོན་མཛད་པའི་རྟགས་སུ་འདུག་གསུང་བ་དང༌། གཞན་ཡང་སློབ་དཔོན་པདྨས་ཀློང་གསལ་མཁའ་འགྲོ་སྙན་བརྒྱུད་ཀྱི་ལུང་བསྟན་ལས། ཀུན་དགའ་སྙིང་པོ་ས་སྐྱ་ལོ་