R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༤༨
[A:༡༤༨]རྗེ་བཙུན་བླ་མའི་རྟོགས་བརྗོད་འདི་མཐོང་ཚེ། །སྐལ་བཟང་སྙིང་གི་པདྨོའི་ཆུ་གཏེར་དུ། །དད་པའི་རྦ་རླབས་མི་གཡོའི་གདེངས་ཡང་ཅི། །དེ་ལས་མགོན་འདིས་མཐོང་ཐོས་དྲན་རེག་གི །དོན་དང་ལྡན་ཕྱིར་དངོས་གྲུབ་ཅིས་མི་སྩོལ། །ཚུལ་འདི་འཕགས་ཡུལ་རྒྱལ་བའི་རྟོགས་བརྗོད་གཏམ། །སྨྲ་བའི་གཙུག་ནོར་དགེ་དབང་ཡབ་སྲས་དང༌། །དཔལ་ལྡན་དཔའ་བོ་ནག་མོའི་ཁོལ་ལ་སོགས། །ཟླ་མེད་མཁས་པའི་གཞུང་ལུགས་སྙིང་ལ་འགྲོགས། །སྔོན་སྦྱངས་ལས་འཕྲོ་མཁས་པའི་གསུང་རབ་ལས། །བླུན་པོའི་ཚིག་གིས་ནམ་ཡང་མི་མགུ་བ། །དབྱངས་ཅན་མཛེས་མའི་སྤྱན་ཟུར་ཟླ་ཟེར་གྱིས། །སྙིང་གི་ཀུ་མུད་བཞད་པ་གང་དེས་སྨྲས། །འདི་ན་ཕལ་ཆེར་མཁས་པའི་བཤེས་གཉེན་གྱི། །མགོན་དང་བྲལ་བས་བླུན་པོའི་གྲོང་ཚིག་གཏམ། །འཆད་དང་ཉན་དང་སྨྲ་བ་ལྷུར་བླངས་པའི། །བསྟན་བཅོས་ལ་གྲགས་ཚིག་དང་སྙན་ངག་གི །རྒྱན་གྱིས་བཅིངས་པའི་ཡིད་འཕྲོག་རྟོགས་བརྗོད་དག །ཤྭ་ནའི་རྣ་བར་གཎྜིའི་རོལ་མོ་བཞིན། །མཁས་རློམ་བླུན་པོའི་སྙིང་ལ་མི་འབབ་ཀྱང༌། །མང་ཐོས་དཔྱོད་ལྡན་དགའ་བ་མྱུར་བྱོས་ཤིག །དེ་ལྟར་རྟོགས་བརྗོད་ངོ་མཚར་ལེའུའི་སྒོ། །ཕྱོགས་ཀྱི་འཁོར་ལོ་དག་དང་བསེ་རུའི་གྲངས། །རེ་རེའང་མདོར་བསྟན་རྒྱས་བཤད་དོན་བསྡུའི་ཚུལ། །ཚིགས་སུ་བཅད་དང་ལྷུག་པ་སྤེལ་ཏེ་བཀོད། །དེ་ལས་འོངས་པའི་དགེ་བ་ཀུ་མུད་ཚལ། །ཟླ་ཟེར་འོད་ཀྱི་བྱུགས་ལྟར་དཀར་བ་དེས། །འགྲོ་འདིའི་སྙིང་གི་མུན་པ་ཀུན་ཕྲོགས་ཏེ། །རྗེ་བཙུན་བླ་མའི་ལམ་གྱིས་གྲོལ་བར་ཤོག །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །