R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༤༧
[A:༤༧]པ་ཡེ་ཤེས་ཞབས་ཀྱི་སྐོར་དང༌། གཞན་ནག་པོ་ཆེན་པོ་གདོང་བཞི་པའི་ཆོས་སྐོར་སོགས་གསན། གཞན་བལ་པོའི་པཎྜི་ཏ་པདྨ་ཤྲཱི། རྒྱ་གར་གྱི་རྣལ་འབྱོར་པ་བྷོ་ཌ་རཱ་ཧུ་ལ། བལ་པོའི་པཎྜི་ཏ་ཛྙཱ་ན་བཛྲ། བ་རི་ལོ་ཙཱ་བ་བྲང་ཏི་དར་མ་རིན་ཆེན། དགེ་བཤེས་ཁྱུང་རིན་ཆེན་གྲགས་པ། དཔལ་མེ་དིག་པ། མེས་ལྷང་འཚེར་བ། སྤུ་རངས་ལོ་ཙཱ་བ། དགེ་བཤེས་རྔོག་ལོ། སྐྱུ་ར་ཨ་སྐྱབས་རྣམས་ལ་བརྟེན་ནས་ཐེག་པ་ཆེ་ཆུང་གི་ཆོས་དཔག་ཏུ་མེད་པ་གསན་ཅིང་ཆེས་མཁས་པར་གྱུར་ལ། ཁྱད་པར་ས་སྐྱའི་འཇམ་དབྱངས་བྲག་ཁུང་དུ་རྗེ་བཙུན་འཇམ་པའི་དབྱངས་ཉིད་བསྒྲུབས་པས་རིན་པོ་ཆེའི་ཁྲི་ལ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ་གཡས་གཡོན་ན་འཁོར་སེམས་དཔའ་གཉིས་དང་བཅས་པ་མངོན་སུམ་དུ་ཞལ་གཟིགས་ནས། ཐེག་པ་ཆེན་པོའི་ཉམས་ལེན་གྱི་སྙིང་པོ་བསྡུས་པ་ཞེན་པ་བཞི་བྲལ་གྱི་གདམས་པ་སོགས་གསན་ཅིང༌། རྒྱུད་བྱིན་གྱིས་བརླབས་པའི་ཤེས་བྱ་རབ་འབྱམས་ལ་བློའི་སྣང་བ་ཐོབ། དེ་ཕྱིན་མི་དང་མི་ལབ་པ་ལྟར་དུ་གསུང་གླེང་མཛད་པར་གྲགས། དུས་གཅིག་གི་ཚེ་གནས་དེར་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཉིད་གྲུབ་ཆེན་བཞིས་བསྐོར་བ་ཞལ་གཟིགས། ལྕགས་རི་མི་འདའ་བའི་གསེར་ཆོས་རྣམ་པ་བཞི་དང༌། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ལ་སོགས་པ་མངོན་སུམ་དུ་གསན་པར་མཛད་དོ། །མདོར་ན་བྱང་གི་ས་ཕྱོགས་འདིར་མཁས་པ་དང་གྲུབ་པ་གཞན་སུས་ཀྱང་འགྲན་པར་མི་ནུས་པ་བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ་ཞེས་སྙན་པའི་གྲགས་པ་དཀར་པོས་སྲིད་རྩེའི་བར་དུ་ཁྱབ་པར་གྱུར། དངོས་ཀྱི་ཞལ་སློབ་ཀྱང་མཆོག་ཐོབ་པ་གསུམ། བཟོད་པ་ཐོབ་པ་བདུན།