R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༤༨
[A:༤༨] ལམ་སྣ་ཟིན་པ་དང་ཏིང་ངེ་འཛིན་ལ་རྟོགས་པ་ཐོབ་པའི་སྦས་པའི་རྣལ་འབྱོར་བརྒྱད་ཅུ་ཙམ་བྱུང༌། གཞན་ཡང་ཆེ་བར་གྲགས་པ་དཔལ་ཆེན་རྒ་ལོ། ཁམས་པ་ཨ་སེང༌། བྱང་སེམས་ཟླ་བ་རྒྱལ་མཚན། འགྲོ་མགོན་ཕག་མོ་གྲུ་པ། གཤེན་རྡོར་སེང༌། ནེ་ཚེ་སྦས་སྟོན་ལ་སོགས་ཀྱང་ཞབས་ཀྱི་པདྨར་འདུད་ཅིང༌། གསུང་གི་གསང་བ་རྣ་བའི་རྒྱན་དུ་འཛིན་པར་བྱེད་དོ། །དམ་པ་འདི་ལ་གདུང་གི་སྲས་བཞི་འཁྲུངས་པའི་ཆེ་བ་ཀུན་དགའ་འབར་ཆུང་ངུ་ལ་རྒྱ་གར་དུ་བྱོན་པས་མཁས་པ་ཆེན་པོར་གྱུར་ནའང་བོད་དུ་བྱོན་ཁར་ཚད་པའི་བསྙུང་་གཞིས་རྡོ་རྗེ་གདན་ཉིད་དུ་གཤེགས། གཉིས་པ་གྲུབ་ཆེན་མི་ཐུབ་ཟླ་བའི་རྣམ་འཕྲུལ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྒྱ་གར་ཆུ་བོ་གངྒཱ་ཚུན་ཆད་ལ་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོར་གྱུར་ཅིང༌། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད། གསུམ་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་འཕགས་ཡུལ་དུ་སྒོ་མཐའ་ཡས་པའི་བློ་གྲོས་ལ་སོགས་པའི་པཎྜི་ཏ་དུ་མར་སྐྱེ་བ་བཞེས་ཤིང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྐྱེ་བ་བདུན་གྱི་བར་དུ་རྗེས་སུ་བཟུང་བའི་མཐར་ལ་སྟོད་གཅུང་དུ་རྡོག་སྟོན་བྷུ་གུ་བ་ཞེས་པར་སྐྱེ་བ་བཞེས་པའི་རྗེས་སུ་འདི་ཉིད་དུ་འཁྲུངས་པས་ཤེས་བྱ་རབ་འབྱམས་ལ་བློའི་སྣང་བ་ཐོབ་ཅིང་རྡོ་རྗེ་ཐེག་པའི་གསང་བ་མཐའ་དག་གི་བང་མཛོད་ཆེན་པོ། ཁ་ཆེ་པཎྜི་ཏ་ལ་སོགས་པ་འཕགས་ཡུལ་གྱི་མཁས་པ་རྣམས་ཀྱི་ང་རྒྱལ་ཀྱང་གཅོག་པར་ནུས་པ། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ཅིང༌། མགོན་པོ་ལྕམ་དྲལ་དང༌། ལྷ་ཀླུ་སྡེ་བརྒྱད་ལ་སོགས་པ་བྲན་དུ་འཁོལ་ནུས་པའི་མཐུ་སྟོབས་ཀྱི་མངའ་བདག་ཆེན་པོར་ནི་ཡོངས་སུ་གྲགས་པ་ཡིན། སྲས་བཞི་པ་དཔལ་ཆེན་འོད་པོ་ཞེས་