R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༤༦
[A:༤༦]ཙཱ་དང༔ བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས༔ རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་འབྱུང་༔ ཞེས་དང༌། ས་སྐྱར་ལོ་ཙཱ་ཀུན་དགའི་མིང་༔ འཕགས་པའི་མིང་ཅན་གཉིས་བྱུང་ནས༔ བོད་འབངས་སེམས་ཅན་བདེ་ལ་ཕན༔ སངས་རྒྱས་བསྟན་པ་ལྔ་བཅུ་འཛིན༔ འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན༔ ཅེས་གསུངས། དེ་དག་གི་དོན་སློབ་དཔོན་རིན་པོ་ཆེས་ས་ཆེན་ལ་བསྟོད་པར། མགོན་ཁྱོད་ངེས་པར་རྡོ་རྗེ་འཆང་དབང་དང༌། །འཇམ་པའི་དཔལ་ལས་གཞན་དུ་ཡོད་མ་མཆིས། །ཞེས་དང༌། རྗེ་བཙུན་ཆེན་པོས། འཇམ་པའི་དཔལ་ཡང་མི་ཡི་གཟུགས་འཛིན་ཅིང༌། །ཞེས་དང༌། རྡོ་རྗེ་འཆང་དང་འཇམ་མགོན་དབྱེར་མེད་པའི། །བླ་མ་མཆོག་དང་དམ་པ་ཁྱོད་ཉིད་ལ། །ཁྱད་པར་འགའ་ཡང་བདག་གིས་ཡོད་མ་ཤེས། །ཞེས་གསུངས་པ་ལྟར་རོ། །འདི་དག་ལས་འཕྲོས་ནས་འཇམ་དབྱངས་བདུན་བརྒྱུད་ཀྱི་ངོས་འཛིན་སོགས་ལ་ཁུངས་ཐུབ་ཀྱི་དཔྱད་པ་དགོས་རྒྱུར་འདུག་ནའང་དེང་སང་ཁ་སུ་མང་དབང་ཆེ་བར་གདའ། བླ་ཆེན་འདི་ཉིད་ཀྱི་རང་གི་ཡབ་དང༌། འཁོན་སྒྱི་ཆུ་བ། ཞང་སྟོན་ཆོས་འབར་རྣམས་ལ་རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཞལ་གྱི་བདུད་རྩི་རྒྱུད་གསུམ་མན་ངག་དང་བཅས་པ་སོགས་མང་དུ་གསན། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་པ་ལ་ཇོ་བོ་ནཱ་རོ་ཏ་པའི་ཐུགས་བཅུད་ཕན་ཕིང་གུ་པ་སྐུ་མཆེད་ལས་བརྒྱུད་པའི་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཇི་སྙེད་པ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་བརྒྱུད་པའི་ཡོ་གའི་བཤད་སྲོལ། བསྟན་སྲུང་ནག་པོ་ཆེན་པོའི་ཆོས་སྐོར་སོགས་གསན། བླ་མ་གནམ་ཁའུ་པ་སྐུ་མཆེད་ལ་དཔལ་གསང་བ་འདུས་