[A:༥༠]ཀྱི་རྒྱལ་པོ་སེ་ཆེན་གོ་པེ་ལས་སྤྱན་དྲངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་གདམས་པ་དུ་མ་ཞུས། ཁྱད་པར་ཀྱེ་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་དུ་དབང་ལན་གསུམ་ཞུས་པའི་དང་པོ་ལ་དབང་ཡོན་དུ་དབུས་གཙང་གི་ཁྲི་སྐོར་བཅུ་གསུམ་ཕུལ། བར་པ་ལ་བོད་ཆོལ་ཁ་གསུམ་ཕུལ། ཕྱི་མ་ལ་རྒྱའི་མིའི་ཡུར་མ་ཆེན་པོ་ཕུལ། མདོར་ན་ལུགས་གཉིས་ཀྱི་སྒོ་ནས་ཁ་བ་ཅན་གྱི་སྐྱེ་རྒུ་ཐམས་ཅད་ཀྱི་གཙུག་གི་ནོར་བུས་མཆོད་པའི་གནས་སུ་བཞུགས་པ་ཡིན་ནོ། །སྲས་གཉིས་པ་དཔལ་གསང་བའི་བདག་པོའི་རྣམ་འཕྲུལ་འགྲོ་མགོན་ཕྱག་ནར་གྲགས་པ་དེ་བྱོན། དེ་ཡང་ཡུམ་མི་གཅིག་པའི་མཆེད་ཟླ་སློབ་དཔོན་རིན་ཆེན་རྒྱལ་མཚན་དང་ཡེ་ཤེས་འབྱུང་གནས་གསུམ་བྱུང་བའི་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཆུ་ཕོ་ཁྱིའི་ལོ་ལ་འཁྲུངས། ལོ་བཅུ་དྲུག་པ་ལ་འཕགས་པ་དང་མཇལ། ཆོས་ཀྱང་འགའ་གསན། སྐབས་གཅིག་ཏུ་འཕགས་པས་བདག་ཉིད་ཆེན་པོ་ལ་ཡུན་རིང་པོ་ཞིག་སྤྱན་ཧུ་རེ་གཟིགས་ནས་ད་བཟོད་མི་རེས་པུས་མོ་ལ་བབ་པའི་དུས་འོང་ཡོན་ཏན་སློབས་གསུངས་པ་དང༌། ངའི་རྨི་ལམ་ན་ཕྱག་ནའི་རི་ཡིན་ཟེར་བ་གཉིས་བྱུང༌། ཡེ་འབྱུང་གི་རི་ཡིན་ཟེར་བའི་རི་བརྒྱུད་མང་པོ་ཞིག་བྱུང་གསུང་བ་གནང༌། བཅུ་དགུ་བཞེས་པའི་དུས་འཕགས་པ་ཞི་བར་གཤེགས། ཉེར་གཅིག་པ་ལ་འཕགས་པའི་གཤེགས་རྫོངས་མཛད། དེ་མ་ཁད་མི་ཆེན་ཨ་འབུས་གོང་ལ་གདན་དྲངས། གོང་མའི་ལུང་གིས་རེ་ཞིག་བརྟག་དགོས་པས་སྨན་ཙེར་བརྒྱུག་གསུངས། སྨན་རྩེའི་ཡུལ་ཕྱིའི་རྒྱ་མཚོའི་ལག་ཆུ་འཇམ་ཆེན་པོ་ཉི་ཤུ་རྩ་གཉིས་བསྒྲལ་བ་ན་ཟོ་ཆུ་ཟེར་བའི་མཁར་མིག་ཆེན་པོར་བཞུགས། ཡང་དེ་ནས་ལུང་གི་