[A:༤༩]གྲགས་པའི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་ལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ཉིད། རྗེ་བཙུན་སྐུ་མཆེད་སོགས་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་ཅིང༌། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་གཙུག་གི་རྒྱན་དམ་པར་གྱུར་ཏེ། སྙན་པའི་གྲགས་པ་ས་ཆེན་པོའི་ཁྱོན་ཐམས་ཅད་ཁྱབ་པར་མཛད་པས་ཧོར་རྒྱལ་པོ་གོ་དན་གྱིས་སྤྱན་དྲངས་ཏེ་ཞབས་ཀྱི་པདྨ་ལ་བཏུད། མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་ལུང་དང་རིགས་པའི་སྒོ་ནས་ཚར་བཅད་དེ་ཡང་དག་པའི་ལམ་ལ་སྦྱར། བླ་མ་དང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་ཤིང་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། གྲུབ་ཚོགས་གཉིས་དང༌། ལྷོ་དམར་གཉིས་ལ་སོགས་པ་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་བསྐྲུན་པར་མཛད་དོ། །གཉིས་པ་སློབ་དཔོན་ཆེན་པོ་བཟང་ཚ་བསོད་ནམས་རྒྱལ་མཚན་ལ། སྲས་ལྕམ་སྲིང་བརྒྱད་འཁྲུངས་པའི་ཆེ་བ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཆུང་ངུ་ནས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ས་སྟོན་རི་པ་ལ་སོགས་པར་འཁྲུངས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། གཞི་ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་གཏམས་ཤིང༌། ཆོས་རྗེ་པ་ཉིད་དང༌། ལྡོང༌། གཉན། གྲུབ། ཚོར། སྟག །མཆིམས། ཆག་ལོ། རོག །ཞང༌། མངོན་པ་བ་ལ་སོགས་པ་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་བོད་དུ་འགྱུར་རོ་ཅོག་ཐམས་ཅད་གསན། ནང་དུ་ཡང་དག་པའི་ཏིང་ངེ་འཛིན་འབའ་ཞིག་གིས་དུས་འདའ། ཆོས་