R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༥༨
[A:༥༨]ཀྱི་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་མཆོག །སྦས་པའི་རྣལ་འབྱོར་པ་རྡོ་རྗེ་རྒྱལ་མཚན་སོགས་བླ་མ་དམ་པ་དུ་མ་བསྟེན་ནས་ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས་ཤིང་ཟབ་དོན་རྒྱ་མཚོའི་མངའ་བདག་ཏུ་བཞུགས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་འཕྲུལ་དུ་བྱེད་ས་སྐྱ་པའི་བསྟན་སྲུང་རྣམས་བྲན་དུ་འཁོལ་ནུས་པའི་མཐུ་སྟོབས་ཀྱི་མངའ་བདག་ཆེན་པོར་ཡོངས་སུ་གྲགས། དགུང་ལོ་བདུན་ཅུ་རྩ་དྲུག་པ་ཆུ་ཕོ་འབྲུག་གི་ལོ་བཞི་ཐོག་བླ་བྲང་དུ་ཞི་བར་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས་གདུང་རུས་ཕལ་ཆེར་གདུང་ལོག་དང་ལྷ་སྐུ་རིང་བསྲེལ་དུ་བྱོན། ནང་རྟེན་ཡང་བཞི་ཐོག་ཉིད་ན་བཞུགས། དེའི་གཅུང་བདག་ཆེན་ཞ་ལུ་པ་མཐུ་སྟོགས་དབང་ཕྱུག་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ས་ཕོ་བྱི་བའི་ལོ་ལ་རིན་ཆེན་སྒང་དུ་འཁྲུངས་ཡབ་ཆོས་ལ་མཁས་པར་སྦྱངས། མཐུ་སྟོབས་ནུས་པའི་ཕ་མཐར་སོན། དགུང་ལོ་བཞི་བཅུ་རྩ་གསུམ་པ་ལྕགས་ཕོ་རྟའི་ལོ་ལ་ཞི་བར་གཤེགས། ལྕམ་མོ་ཆེ་བ་ཕྱག་རྡོར་འབུམ་དང༌། ཆུང་བ་དགེ་མའོ། །བདག་ཆེན་འཇམ་དབྱངས་ཆེན་པོ་དེ་ཉིད་ཀྱིས་དཔལ་ས་སྐྱ་པའི་དཔོན་ཆེན་གྱི་བརྒྱུད་པ་ཁྲོམ་མདའ་བའི་སྲས་མོ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་གཏོང་བ་ལ་དགའ་ཞིང་དད་པ་ཆེ་བ་སོགས་རང་བཞིན་གྱི་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་ཉིད་དང་ལྡན་པ། མ་ཅིག་དཔལ་འབྱུང་རྒྱལ་མོ་ཞེས་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་དྲུག་བྱུང་བའི་གཅེན་བདག་ཉིད་ཆེན་པོ་རྒྱ་དཀར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མེ་ཕོ་འབྲུག་ལ་འཁྲུངས། སྐྱེས་སྟོབས་ཀྱི་ཐུགས་རབ་ཤིན་ཏུ་ཆེ་ཞིང་