[A:༥༧]མང་དུ་བསྟེན། ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས། ཕྱིས་ཆོས་རྗེའི་དྲུང་དུ་བསྙེན་རྫོགས་ཀྱང་མཛད། གོང་ནས་གདན་འདྲེན་བྱུང་བླ་ཆེན་དུ་མཚན་གསོལ་ཡང་རྒྱལ་ཁམས་ཀྱི་བདེ་དོག་གི་དབང་གིས་ཕེབས་མ་ཐུབ། བར་སྐབས་སུ་གོན་ཇོ་བདག་པོས་སྤྱན་དྲངས་ནས་མདོ་ཁམས་སུ་ཆོས་འཁོར་མང་དུ་བསྐོར། གཞན་ཡང་གདན་ས་བསམ་ཡས་སོགས་སུ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ཅིང༌། ཁྱད་པར་ཆོས་རྗེ་བླ་མའི་བཀའ་འབུམ་ཕྱོགས་གཅིག་ཏུ་བསྒྲིག་པ་གནང༌། ས་བཟང་འཕགས་པས་ཞུ་བ་པོ་མཛད་དེ་ཐེག་ཆེན་ཆོས་རྗེ། ཤར་ཆེན་པ་སོགས་དགེ་བཤེས་མང་པོ་ལ་བཀའ་འབུམ་གྱི་ཐོག་ནས་དབང་ལུང་བཤད་པ་ཁྲིད་བཀའ་བསམ་གྱིས་མི་ཁྱབ་པ་གནང༌། དགུང་ལོ་བདུན་ཅུ་དོན་ལྔ་པ་ས་ཕོ་ཁྱི་ལོ་ལ་ཤ་བ་དགེ་སྡིངས་སུ་ཞི་བར་གཤེགས་སོ། །བླ་ཆེན་དེས་བསྙེན་རྫོགས་མ་མཛད་གོང་དུ་མ་ཅིག་ཞ་ལུ་མ་ནམ་མཁའ་རྒྱལ་མོ་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་བཞི་འཁྲུངས་པའི་ཆེ་བ་ནི། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱི་ཡབ་བདག་ཆེན་འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔའ་བཟང་པོ་ཞེས་གྲགས་པ་མེ་མོ་གླང་ལ་སྐུ་འཁྲུངས་པ་ཡིན་ལ། དེ་ཡང་སྐྱེས་སྟོབས་ཀྱི་ཐུགས་རབ་ཕུན་སུམ་ཚོགས་པ་མངའ་བས་འབྲི་ཀློག་ལ་སོགས་ཐོགས་མེད་དུ་མཁྱེན། གདུགས་གཉིས་ལ་བརྟག་གཉིས་ཐུགས་སུ་ཆུད། ཉིན་གཅིག་ལ་བདེ་མཆོག་གི་མངོན་དཀྱིལ་ཐུགས་སུ་ཆུད་པས་ཀུན་གྱིས་འཇམ་དབྱངས་ཆེན་པོར་མཚན་གསོལ། ཡབ་བླ་ཆེན་པ། ཐེག་ཆེན་ཆོས་