[A:༥༩]བཤེས་གཉེན་དམ་པ་མང་པོ་བསྟེན། ཡབ་ཆོས་རྣམས་ཕུལ་དུ་ཕྱིན་པ་མཁྱེན། ཕྱག་མདས་ཤིང་སྡོང་ཆེན་པོ་ཐལ་བྱུང་དུ་ཕིགས་པ་དང༌། ཁང་པ་འཇིག་པར་ངེས་པ་ཚོན་སྐུད་ཀྱིས་བཅིངས་པས་གཡོ་བ་མེད་པ་དང་མ་རུངས་པ་དག་གིས་ཆུས་བསྐོར་བ་ན་ན་བཟའི་གཡབས་མོ་བརྡབས་པས་མོད་ལ་རྫིང་ཆེན་པོ་ཕྱོགས་མེད་དུ་རལ་པ་དང༌། གངས་རིས་ལམ་འགགས་པ་ན་མགོན་གཡག་གྱི་ཁྱུ་ཆེན་པོས་ལམ་གཏོད་པ་དང༌། སྐམ་སར་ཆུ་མིག་འདོན་པ་སོགས་གྲུབ་རྟགས་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན། དེའི་གཅུང་དངོས་བདག་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཡིན། ལྕམ་མོ་བཞིའི་ཆེ་བ་སློབ་དཔོན་མ་བསོད་ནམས་དཔལ་འཛོམ། གཉིས་པ་སློབ་དཔོན་མ་ནམ་མཁའ་འབུམ། གསུམ་པ་སློབ་དཔོན་མ་ནམ་མཁའ་བཟང་མོ། བཞི་པ་སློབ་དཔོན་མ་མཁའ་འགྲོ་འཛོམ་མོ། །བདག་ཆེན་ཞ་ལུ་པ་ཆེན་པོས་ལྡན་མ་མ་ཅིག་ཀུན་དགའ་འབུམ་ཁབ་ཏུ་བཞེས་པ་ལ་སྲས་བདག་ཆེན་གྲགས་པ་རྒྱལ་མཚན་པ་ཆུ་མོ་གླང་ལ་འཁྲུངས། ཞེ་གཉིས་པ་ཤིང་ཕོ་རྟའི་ལོ་ལ་སྐུ་གཤེགས། འདི་ལ་བདག་ཆེན་ཁམས་པ་བར་གྲགས་སོ། །ཁ་བ་རི་པའི་བསོད་ནམས་པདྨོའི་རྩེར། །སྐབས་གསུམ་བུང་བ་གཞོན་ནུའི་རོལ་རྩེད་ལས། །ཕན་བདེའི་སྦྲང་རྩི་གསར་པའི་དུས་སྟོན་གྱི། །ཐུབ་བསྟན་ལང་ཚོའི་འཛུམ་དཀར་འདི་ན་བཞད། །དཔའ་མཛངས་བློ་གྲོས་ཕུན་ཚོགས་དཔའ་བོ་ཞིག །འཇམ་དབྱངས་འཁོར་ལོས་སྒྱུར་བའི་ཞབས་འབྲིང་མཆོད། །དེ་ཡི་རིགས་ལ་ཁ་བའི་སྨན་ལྗོངས་སུ། །ངུར་སྨྲིག་འཛིན་པའི་ཐོག་མ་ནཱ་གེནྡྲ། །འཇིག་རྟེན་མིག་གྱུར་འཁོན་སྟོན་མཆེད་བཅས་ཀྱིས། །འཛམ་གླིང་བརྟུལ་ཞུགས་གྲུབ་པའི་