R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༦༢
[A:༦༢]བྱི་བའི་ལོ་ལ་བོད་ཆོལ་ཀ་གསུམ་ལས་བར་གྱི་ཆ་དབུས་གཙང་རུ་བཞི་ལས་གཡས་རུ་གཙང་གི་སའི་ཐིག་ལེ་ཤབ་སྒོ་ལྔ་གཞུང་ཞེས་བྱ་བའི་ཡུལ་གྱི་ས་གཞི་ལག་མཐིལ་ལྟར་སྙོམས་ཤིང༌། ཕྱོགས་དང་ཕྱོགས་མཚམས་ཀྱི་ཡུལ་གྲུ་ཆེན་པོ་དག་ན་ལྗོངས་དང༌། ཡུལ་ཁོར་དང༌། གྲོང་ཁྱེར་དང༌། སྐྱེ་བོའི་འདུན་ས་དང༌། སྨན་ལྗོངས་དང༌། ནེའུ་གསིང་ཡིད་དུ་འོང་བ་ལ་མེ་ཏོག་སྣ་ཚོགས་ཆེད་དུ་བཀྲམ་པ་བཞིན་ཡོད་པ། ལྗོན་ཤིང་གི་ར་བ་འཁྲིགས་པའི་ཡལ་ག་དང་ལོ་མ་དག་ལ་བརྟེན་པའི་བྱ་སྣ་ཚོགས་སྐད་སྙན་པ་སྒྲོག་པ། འབྲུ་བཅུད་དང་ལོ་ཏོག་ཕུན་སུམ་ཚོགས་པའི་སྐྱེ་རྒུ་ཐམས་ཅད་བདེ་བར་འཚོ་བ། ཆུ་ཀླུང་ཆེན་པོ་རླབས་ཀྱི་འཕྲེང་བ་ཅུང་ཟད་དང་བཅས་པས་དལ་གྱིས་མདུན་ངོས་སུ་འབབ་པ། །བྱམས་མགོན་གྱི་རྣམ་འཁྲུལ་ཁྲོ་ལོ་ཆེན་པོའི་གཙུག་ལག་ཁང་དང་ཁད་ཉེ་བའི་ས་ཕྱོགས་རྗེ་བཙུན་གོང་མ་དག་གིས་ཞབས་ཀྱིས་བཅགས་ཤིང་བདག་གིར་མཛད་པའི་གནས་ཤབ་དགེ་སྡིངས་ཀྱི་སའི་ཆ་ལྕམ་མོ་གཡང་གྲོང་ཞེས་བྱ་བར་སྐུ་འཁྲུངས་པར་གྱུར་ཏོ། །དེའི་ཚེ་ཡུམ་གྱི་གཟིགས་སྣང་ལ་མདུན་ན་རྒྱ་ནག་གི་ཤིང་ཁྲི་བཀོད་པ་ཤིན་ཏུ་ལེགས་པ་ཞིག་གི་སྟེང་ན་བུད་མེད་དམར་མོ་གསེར་གྱི་དབུ་རྒྱན་ཅན་རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ཁྲོ་འཛུམ་གྱི་རྣམ་པ་ཅན་ཁྲི་དེ་ལ་འཁྱེལ་བྱས་པའི་ལག་པ་གཉིས་ན་ཟངས་གཞོང་པདྨ་དམར་པོས་ཕྱུར་བུར་ཁེངས་པ་བཟུང་ནས་འདུག་པ་ཞིག་གཟིགས། འཁྲུངས་མ་ཐག་ནས་དབུ་གདུགས་ཀྱི་རྣམ་པ། དཔྲལ་བའི་དབྱེས་ཆེ་བ་སོགས་མཐོང་ན་མི་མཐུན་པ་མེད་པ། ནོར་བུ་ཆུ་