R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༦༡
[A:༦༡]མ་གྱུར་སུ་ཡོད་སྨྲོས། །འཕགས་མས་ལུང་བསྟན་མ་དྲོས་ཆུ་མཚོ་ལས། །མཁས་དང་གྲུབ་པའི་གདུང་གི་ཆུ་བོ་བཞི། །དགེ་མཚན་རིན་ཆེན་བྱེ་མ་འདྲེན་བཞིན་དུ། །སྐྱེ་དགུ་རྒྱ་མཚོའི་དཔལ་དུ་དལ་གྱིས་བབས། །དེ་ལས་ཆུ་སྐྱེས་ཚལ་ན་པད་དཀར་དང༌། །རྒྱུ་སྐར་ཁྲོད་ན་རི་བོང་འཛིན་པ་ལྟར། །རབ་མཆོག་ཕུལ་བྱུང་རིན་ཆེན་སྒང་པ་ཞེས། །ཟླ་མེད་མཐུ་སྟོབས་ནུས་པའི་བདག་ཉིད་བྱུང༌། །རྨད་བྱུང་རིགས་ཀྱི་ནོར་བུའི་ཅོད་པན་འདི། །དྲེགས་ལྡན་བྱེ་བས་རལ་པའི་རྒྱན་དུ་མཆོད། །མཁས་དང་གྲུབ་པ་ཡོངས་ཀྱི་སྤྱི་བོས་བཏུད། །སྐལ་བཟང་འགྲོ་བ་ཀུན་གྱི་ཕྱག་གི་གནས། །བ་ལང་ལྟ་བུའི་བླུན་པོ་སྐལ་ངན་འགའ། །མ་གཏོགས་རྒྱ་མཚོའི་གོས་ཅན་ཁྱོན་འདི་ན། །གང་གི་རིགས་མཆོག་ཞབས་རྡུལ་གཙུག་རྒྱན་དུ། །འཛིན་པར་མི་བྱེད་ཤེས་ལྡན་སུ་ཞིག་ཡོད། །བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤལ་ལའི་དོ་ཤལ་ཞེས་བྱ་བ་ལས་རིགས་ཁྱད་པར་ཅན་དུ་སྐུ་འཁྲུངས་པའི་གདུང་རབས་ཅུང་ཟད་སྨོས་པའི་སྐབས་ཏེ་དང་པོའོ།། །།པདྨའི་རྣམ་འཕྲུལ་འཇམ་དབྱངས་ཆེན་པོ་དང༌། །མཚན་ལྡན་ཌཱ་ཀི་དཔལ་འབྱུང་རྒྱལ་མོ་ཡི། །སྲས་སུ་འཁྲུངས་ནས་ངོ་མཚར་རོལ་རྩེད་མཛད། །གསང་ཆེན་སྙན་བརྒྱུད་ཐོབ་ལ་ཕྱག་འཚལ་ལོ། །དེ་ལྟར་སྤྲུལ་པའི་ཡབ་ཡུམ་དེ་ལྟ་བུ་ལས་སྲས་ཀྱི་ཐུ་བོ་བདག་ཉིད་ཆེན་པོ་འདི་ཡབ་ཀྱི་དགུང་ལོ་བཞི་བཅུ་ཞེ་བརྒྱད་བཞེས་པའི་དུས་མིག་དམར་ཞེས་བྱ་བ་ཤིང་ཕོ་