[A:༦༣]ཤེལ་དྲི་མ་མེད་པ་ལྟར། ལུས་དཀར་ཞིང་འོད་འཕྲོ་བ། ཞི་ཞིང་དེས་པའི་ངང་ཚུལ་འཛུམ་མདངས་དང་བཅས་པ་བྱུང༌། མཚན་མཁན་ལ་བསྟན་པས་ཇི་ལྟར་ལུང་བསྟན་པ་བཞིན་གཤིན་རྗེ་ཚེ་བདག་གི་ཐང་སྐུས་སྐུ་ལུས་ཅུང་ཟད་གྲིལ་བ་དང༌། ར་དཀར་མོའི་ནུ་ཞོ་བླུད་པ་སོགས་བྱས། གཞོན་ནུ་ཉིད་ནས་ཐ་མལ་པའི་བྱིས་པའི་སྤྱོད་པ་ལས་འདས་པས་ཐོ་ཆོའི་སྤྱོད་པ་སྤངས་ནས་དུལ་ཞིང་ཡིད་གཞུངས་ལ་ཆོས་དང་མཐུན་པའི་རྩེ་དགས་དུས་འདའ་བ་དང་རང་བཞིན་གྱི་བསྐམ་ཆགས་ཆུང་ཞིང་ཆོས་ལ་ཐུག་འགྲོ་བ་དབེན་པ་འབའ་ཞིག་བསྟེན་པའི་བག་ཆགས་ཆེད་དུ་སད་པ་གཡའ་རི་གངས་རི་སོགས་མཐོང་ཞིང་སྤྲིན་དང་ན་བུན་གྱིས་གཏིབས་པ་གཟིགས་པ་ན་དགྱེས་ཚོར་ཆེན་པོ་མཛད་པ་དང༌། ང་ཡ་གིར་ཅིས་ཀྱང་འགྲོ་གསུང་བ་སོགས་གནང༌། བུ་རྫིས་རྒྱབ་ཏུ་སྤྱན་དྲངས་པ་ན་མི་ནག་ཁྱི་ནག་སོགས་འདི་ལྟར་འདུག་གསུང་བ་མང་དུ་བྱུང་བས། རྗེ་བཙུན་ཡབ་ལ་ཞུས་པ་ན་ངེད་ཀྱི་བརྒྱུད་པ་རྣམས་ལ་ཆུང་ངུ་ནས་ཆོས་སྐྱོང་གི་རྣམ་འཕྲུལ་མང་པོ་མཐོང་བ་ཞིག་ཡོང་གིན་ཡོད་པས་དེ་ལྟར་ཡིན་གསུང་པ་དང༌། དུས་གཅིག་གི་ཚེ་ཡབ་ཡུམ་གཉིས་ལ་རྗེ་འདིས་བདག་མིང་སྲིང་རྣམས་དེ་རིང་རྩེད་མོ་ལ་ཕྱི་རོལ་དུ་ཅེིས་ཀྱང་གཏོང་བ་ཞུ་ཞེས་ནན་གྱིས་ཞུས་པས་ཡབ་ཀྱིས་ཀྱང་མཚམས་དམ་པར་ཡོད་ནའང་གང་ཡིན་མི་ཤེས་པས་དེ་ལྟར་གྱིས་གསུང་བ་གནང༌། ཕྱི་རོལ་ཏུ་ལྕམ་སྲིང་རྣམས་ཕེབས་རྗེས་ས་གཡོས་ཤིན་ཏུ་ཆེ་བ་ཞིག་བྱུང་ནས་སྔར་གྱི་གཟིམས་ཁང་དེ་ཉིད་རྡིབ་པས་ཀུན་གྱིས་མངོན་མཁྱེན་ཐོགས་མེད་དུ་ཡོད་པར་མཐུན་གྲུབ། འཁྲུངས་མ་