[A:༦༤]ཐག་ཏུ་ཐང་སྐུས་གྲིལ་བ་སོགས་ཀྱང་ཤིན་ཏུ་གསལ་བར་དྲན། དགུང་ལོ་གཉིས་གསུམ་ནས་དྲུག་གི་བར་ཡབ་ཡུམ་གྱི་དྲུང་ཁོ་ནར་བཞུགས་ཤིང་བླ་བྲང་གོང་པའི་དགེ་བཤེས་གཅིག་གིས་བྲིས་ཀློག་སོགས་བརྡ་ཙམ་ཕུལ་བས་ཐོགས་མེད་ཕུལ་དུ་ཕྱིན་པར་མཁྱེན། རྗེ་བཙུན་ཡབ་ཉིད་ལ་གསུང་ངག་རིན་པོ་ཆེ། ཡང་ཕུར་གྱི་ཆོས་སྐོར། དཀར་བདུད་ཀྱི་རྗེས་གནང་མན་ངག །དམར་པོ་སྐོར་གསུམ་གྱི་ཆོས་སྐོར། གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང༌། དཔལ་མགོན་ཆེན་པོ་དང༌། པུ་ཏྲ་མིང་སྲིང་གི་རྗེས་གནང༌། དུར་ཁྲོད་བདག་པོའི་རྗེས་གནང༌། ཡིག་ལུང༌། ཚེ་དཔག་མེད་ཛེ་ཏཱ་རི་ལུགས་ཀྱི་དབང༌། སྒྲོལ་མ་དཀར་མོའི་རྗེས་གནང་སོགས་དབང་ལུང༌། རྗེས་གནང༌། མན་ངག །གར་དབྱངས་འཆམས་ལ་སོགས་པའི་ཕྱག་ལེན་ཕྲ་མོ་ཚུན་ཆད་ཞིབ་ཆ་དང་བཅས་པ་སྐུ་ཆུང་ངུ་ཉིད་ནས་ལེགས་པ་གསན་པ་ཡིན་ཅེས་ཐོས། ཁྱད་པར་ཡབ་ཉིད་ཀྱིས་སྲས་དང་སློབ་མ་གཞན་སུ་ལ་ཡང་མ་གནང་བའི་དཔལ་ལྡན་ས་སྐྱ་པའི་བསྟན་སྲུང་རྣམ་པ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐོར་སོགས་གདུང་བརྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བཞུགས་པའི་གདམས་པ་རྣམས་ཡོངས་སུ་རྫོགས་པར་གནང་བས་ཆོས་སྐོར་འདི་དག་གི་མངའ་བདག་ཆེན་པོར་བཞུགས་པ་ཡིན་ཏེ། རྗེ་ཉིད་ཀྱི་གསུང་ལས། བོད་ཡུལ་བསྟན་པའི་མངའ་བདག་མཆོག །ས་སྐྱའི་རྗེ་བཙུན་ལས་བརྒྱུད་པའི། །ནག་པོ་ཆེན་པོའི་མན་ངག་ལ། །ང་མཁས་ཟེར་བ་མང་ན་ཡང༌། །ཇི་བཞིན་རྟོགས་པ་ཁོ་བོ་ཙམ། །ཞེས་དང༌། སྙིང་པོར་གྱུར་པའི་མན་ངག་རྣམས། །བང་མཛོད་དམར་པོའི་ཐུགས་དཀྱིལ་ལས། །