[A:༧༨]རྟོག་པའི་ཡེ་ཤེས་ཀྱིས་ཐུགས་ཀྱི་བུམ་པ་ཡོངས་སུ་གང་བར་གྱུར་ཅིང༌། དཔལ་ལྡན་ཨ་ཏི་ཤ་ཡི་ཐུགས་ཀྱི་བཅུད། མཉམ་མེད་གསེར་གླིང་པ་ཆེན་པོ་ནས་བརྒྱུད་པའི་ཐེག་པ་ཆེན་པོའི་ཉམས་ལེན་གྱི་སྙིང་པོ་བློ་སྦྱོང་དོན་བདུན་མར་གྲགས་པ་ཉམས་ཁྲིད་དུ་གསན་ཅིང༌། དེའི་རྩ་ཚིག་རྒྱལ་སྲས་ཐོག་མེད་པས་མཛད་པའི་ཁྲིད་ཡིག་ཟིན་བྲིས་ཆེན་མོ། དམ་པ་དེ་ཉིད་ཀྱིས་མཛད་པའི་སྔོན་འགྲོའི་ཡེ་གེ་དང་བཅས་པར་དགྱེས་བཞིན་དུ་གནང་བ་ལ་བརྟེན་ནས་ཀུན་རྫོབ་དང་དོན་དམ་པས་བསྡུས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས། དེ་རྗེས་ནི་གུ། གཅོད་ཁྲིད་སོགས་ཐོར་བཀོད་པའི་གསུང་ཆོས་རྣམ་གྲངས་མང་བ་ཞིག་དགོས་ཚུལ་ཕུལ་བས། རྗེ་ས་ཆེན་གྱི་རྣམ་ཐར་གནང་ནས་ཁྱེད་རང་གི་ཆོས་རྣམས་འདི་ན་ཡོད་པས། འདི་ལ་གཟིགས་ནས་འདིའི་ནང་ན་ངེད་རང་གི་ཐོབ་པ་གང་འདུག་འབུལ་གསུང་བྱུང་ཞིང༌། དེ་མཐུན་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་དོན་གྱི་བརྗོད་བྱ་མཐར་ཐུག་པའི་བཅུད་ཀྱི་ཉིང་ཁུ། རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་ཤིང་མྱང་བའི་གསང་ཆེན་གྱི་གཏམ། འཕགས་ཡུལ་གྱི་གྲུབ་པ་མཆོག་གི་དབང་པོ་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བིརྺ་པའི་གསུང་གི་མན་ངག །རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་སྙན་བརྒྱུད་བཞི་བར་མ་ཆད་པར་བྱོན་པའི་ཡེ་ཤེས་ཀྱི་མཁའ་འགྲོའི་ཁ་རླངས་ཀྱི་དྲོད་མ་ཉམས་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བཀའ་དྲིན་གསན་པར་མཛད་དེ། དེ་ཡང་