R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༧༩
[A:༧༩]ཐོག་མར་སྣང་བ་གསུམ་གྱི་ཁྲིད་ཀྱི་བར་དགེ་བའི་བཤེས་གཉེན་ཆེ་རགས་པ་མང་པོ་སོགས་ཚོགས་པ་ཤིན་ཏུ་ཆེ་བ་དང་ལྷན་ཅིག་ཏུ་གསན། སྔགས་ལམ་དབུ་གཙུགས་ནས་དཔོན་སློབ་ཉུང་ཤས་ལ་ཟླ་བ་དྲུག་གི་བར་དུ་ཚོགས་བཤད་ཟབ་མོ་ཁྲིད་ཀྱི་ལུགས་སུ་ཐུན་མོང་དུ་གནང༌། དགོངས་ཇའམ་སྲོད་ཇ་གང་རིས་ཀྱི་ཐོག་ཏུ་ཐུན་མོང་མ་ཡིན་པའི་སློབ་བཤད་སྙན་བརྒྱུད་དུ་བཞུགས་པ་རྣམས་རྗེ་འདི་ཁོ་ན་ལ་ཆིག་བརྒྱུད་དུ་གནང༌། དེ་ལྟར་ལམ་ཡོངས་སུ་རྫོགས་པ་ཞར་བྱུང་དང་བཅས་པའི་ཁྲིད། དབང་གི་མངོན་པར་རྟོགས་པ་བདུན་དང་ལྡན་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གྲོལ་བྱེད་ཀྱི་ལམ་གྱི་དབང༌། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས། རྣལ་འབྱོར་དབང་ཕྱུག་གི་ཐུན་མོང་མ་ཡིན་པའི་བྱིན་རླབས་སྲུང་བ་དང་བཅས་པ་བརྡ་དོན་གསལ་བ་དང༌། བརྡ་ཚིག་བརྒྱུད་ཀྱི་བྱིན་རླབས་སོགས་དབང་བྱིན་རླབས་དུ་མ། དེ་དག་དང་རྗེས་སུ་འབྲེལ་བར་བླ་མ་བརྒྱུད་པའི་རྣམ་ཐར་ཚང་མ། གསུང་ངག་གླེགས་བམ་པོ་ཏི་དམར་ཆུང༌། གཞུང་བཤད་སྲས་དོན་མ་སོགས་ཡིག་ལུང་དུ་མ་སྟེ། མདོར་ན་མན་ངག་ཡོངས་སུ་རྫོགས་པ་གནང་ཞིང་དེ་དག་ལ་ཐོས་བསམ་གྱི་སྒོ་ནས་སྒྲོ་འདོགས་མཐའ་དག་དུས་དེ་ཉིད་དུ་ཆོད་ཅིང་རྩེ་གཅིག་ཏུ་ཉམས་སུ་བཞེས་པ་ལ་བརྟེན་ནས་སོ་སོའི་སྐབས་ནས་བཤད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་རྟོགས་མཐའ་དག་ཐུགས་རྒྱུད་ལ་འཁྲུངས་ཏེ། ཚད་མ་སྙན་བརྒྱུད་བཞིའི་མངའ་བདག་ཆེན་པོར་གྱུར་ནས། མཐར་གྲུབ་པའི་ལུང་བྱིན་པའི་ཚེ་