R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༨༡
[A:༨༡]ནས་བརྒྱུད་པ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ལུང་སོགས་བཤད་རྒྱུད་འགའི་ལུང་བཤད། འཇིགས་བྱེད་ས་ལུགས་ཀྱི་དབང༌། རྟོག་བདུན་གྱི་བཤད་པ། གཤེད་དམར་ལྷ་ལྔའི་རྒྱ་བོད་ཀྱི་གཞུང་འགའི་ལུང༌། སྦྱོང་རྒྱུད་ཀྱི་བཤད་པ། ཕྱག་ཆེན་གཅེས་བསྡུས་ཀྱི་ལུང་སོགས་གསུང་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་གསན། རྗེའི་དབོན་པོ་གྲུབ་ཆེན་དཀོན་མཆོག་བློ་གྲོས་པའི་དྲུང་དུ་རྒྱུད་འབུམ་གྱི་ལུང་ཡོངས་སུ་རྫོགས་པ། རྒྱལ་སྲས་བཀའ་འབུམ་གྱི་ལུང༌། ངོར་ཆེན་གྱི་བཀའ་འབུམ་ལྷག་མ་འགའ་ཞིག །གསང་བ་འདུས་པའི་རྒྱུད་ཀྱི་རྒྱ་གཞུང་མང་པོ། ནག་པོ་གཞུང་དྲུག་གི་ལུང༌། གཅོད་འཁྲིད་ལ་སོགས་པ་གསན། བྱིན་རླབས་དང༌། མན་ངག་གི་མཛོད་འཛིན་པ་ཆོས་རྗེ་བློ་གྲོས་རིན་ཆེན་པའི་དྲུང་དུ་གུར་རིགས་བསྡུས་ཀྱི་དབང༌། སམ་བུ་ཊི་རྡོར་དབྱིངས་ཀྱི་དབང༌། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང༌། རིགས་གསུམ་སྤྱི་དབང༌། སེང་གེ་སྒྲའི་སྒྲུབ་སྐོར། གྷ་ཡ་དྷ་ར་ནས་བརྒྱུད་པའི་མགོན་པོའི་རྗེས་གནང་ལ་སོགས་པ་དབང་བྱིན་རླབས་མང་དུ་གསན། གཞན་ཡང་མུས་པའི་མཁས་པ་ཆེན་པོ་ཆོས་ཀྱི་རྗེ་དཔལ་ལྡན་རྒྱལ་པོ་པ་ཕྱིས་སུ་རྗེ་ཉིད་ལ་མགོན་པོའི་ཆོས་སྐོར་གསན་དུ་ཕེབས་པའི་ཚེ། དམ་པ་དེ་ལའང་ཀུན་ལས་བཏུས་དང༌། ཀོ་མུ་ཏི་པཉྩི་ཀ་ལ་སོགས་པ་འགྲེལ་པ་ལུགས་ཀྱི་རྒྱ་གཞུང་འགའི་ལུང་སོགས་ཀྱང་གསན་པར་མཛད་པ་ཡིན་ནོ། །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་ཧེ་རུ་ཀཿ །ཞིང་འདིར་ངུར་སྨྲིག་འཆང་བའི་མུས་ཆེན་ཞབས། །མཁས་ཤིང་གྲུབ་པའི་དབང་ཕྱུག་བླ་མ་དེའི། །ཞབས་སེན་ཆུ་ཤེལ་དཀར་པོའི་མདངས་འོད་ཅན། །ཁྱོད་གཙུག་ནོར་བུའི་སྤོ་ལ་ཤར་བའི་