R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༨༢
[A:༨༢]མོད། །ཐུགས་ཀྱི་ཆུ་གཏེར་ངོས་སུ་གསང་ཆེན་གྱི། །ཆ་ཤས་ཡོངས་སུ་རྫོགས་པའི་རི་བོང་ཅན། །སྙན་བརྒྱུད་བདུད་རྩིའི་གཏེར་དེ་ལྷུང་བ་བཞིན། །གང་ལས་གསུང་ངག་པདྨོའི་ཟེའུ་འབྲུའི་བཅུད། །ཐོབ་པའི་རྐང་དྲུག་ལྡན་པ་བསམ་ཡས་ཀྱང༌། །སློབ་བཤད་ཟབ་མོའི་ཨུ་དུམྺཱ་ར་ཡི། །གེ་སར་སྙིང་པོས་འཚོ་བ་ཁྱོད་ཁོ་ན། །གང་ཕྱིར་ཞེ་ན་བླ་ཆེན་ས་སྐྱ་པ། །དུས་འདིར་རང་རིག་དམ་པའི་ཚུལ་བཟུང་བ། །མགོན་འདིའི་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །དམ་ཆོས་བདག་པོ་ཉིད་ལ་གཏད་པར་ངེས། །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤལའི་དོ་ཤལ་ཞེས་བྱ་བ་ལས་མུས་སུ་ཕེབས་ནས་བསྙེན་པར་རྫོགས་ཤིང༌། གསུང་ངག་རིན་པོ་ཆེ་ལ་སོགས་པ་གསང་ཆེན་ཟབ་མོའི་བཀའ་དྲིན་ནོས་པའི་སྐབས་ཏེ་བཞི་པའོ། །མདོ་ཁམས་ཕྱོགས་སུ་མཐུ་སྟོབས་རྫུ་འཕྲུལ་གྱིས། །ནག་པོའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག །ཟབ་ཡངས་གདམས་པས་སྐལ་ལྡན་རྗེས་སུ་གཟུང༌། །ཀུན་གྱི་ཡོན་གནས་གྱུར་ལ་ཕྱག་འཚལ་ལོ། །མུས་སུ་བཞུགས་པའི་སྐབས་དེར་ཨ་གྲོ་དགེ་གྲགས་དང༌། དབོན་པོ་ཆོས་དགེ་ཕན་ལ་སོགས་པ་ཁམས་པའི་གྲྭ་པ་འགའ་ཞིག་གིས་ཁམས་ཕྱོགས་ལ་སྐོར་ཅིག་ཕེབས་པ་ཤར་ན་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་ཚུལ་སོགས་རྒྱུ་མཚན་ནན་བསྐྱེད་ཕུལ་བས། ཞལ་གྱིས་བཞེས་ཏེ་དེ་བཞིན་གྱི་རྒྱུ་མཚན་རྗེ་སེམས་དཔའ་ཆེན་པོ་ལའང་འབུལ་བ་གནང་བས་དེ་བཞིན་གནང་བ་ཤིན་ཏུ་ལེགས་པ་འོང་གསུང་བའི་བཀའ་ལུང༌། གནང་སྦྱིན། རྫོང་པ་བཟང་པོ་དང་བཅས་པ་གནང༌། སྤྲེའུའི་ལོ་