R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༨༠
[A:༨༠]ཡང་ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་གསུང་བ་སོགས་དགྱེས་ཚོར་དང་བཅས་པའི་སྒོ་ནས་གསུང་ངག་རིན་པོ་ཆེའི་བསྟན་པ་རྗེ་འདི་ཉིད་ལ་གཏད་པར་མཛད་དོ། །གཞན་ཡང་རྒྱུད་གསུམ་མན་ངག་ལུགས་ཀྱི་བཤད་པ་ཡང་སྒྲོ་འདོགས་ཆོད་པར་གསན། འཁོར་ལོ་བདེ་མཆོག་ལོ་དྲིལ་གཉིས་ཀྱི་དབང༌། ལོ་ནག་དྲིལ་གསུམ་གྱི་བསྐྱེད་རིམ་གྱི་བཤད་པ། དྲིལ་བུ་རིམ་ལྔ་དང༌། ལོ་ཧི་པའི་རྫོགས་རིམ་གྱི་ཁྲིད། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། རྩ་དབུ་མའི་ཁྲིད། དཔལ་མངོན་པར་རྟོགས་པ་དང་ནཱ་རོ་པས་མཛད་པའི་རྣལ་འབྱོར་མའི་སྒྲུབ་ཐབས་སོགས་ཀྱི་ལུང་བསམ་མི་ཁྱབ་དང༌། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་བྱིན་རླབས། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་ཡིག་ལུང༌། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང༌། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ་གྱི་ལུང་ཐོག་ཅིག །རྗེ་ཉིད་ཀྱི་བཀའ་འབུམ་ཡོངས་སུ་རྫོགས་པའི་ལུང་ལ་སོགས་པ། མདོར་ན་དབང་བྱིན་རླབས་རིག་གཏད། བཤད་པ། ལུང༌། མན་ངག་བསམ་གྱིས་མི་ཁྱབ་པ་ཞིག་ཐུགས་དགྱེས་བཞིན་དུ་གནང་བས་སྐུ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །དེབཞིན་དུ་མདོ་རྒྱུད་རབ་འབྱམས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་རྗེ་དེ་ཉིད་ཀྱིས་སྙན་བརྒྱུད་འཛིན་པའི་སྲས་ཀྱི་ཐུ་བོ་ཆོས་རྗེ་རིན་པོ་ཆེ་སངས་རྒྱས་དཔལ་བཟང་པོའི་དྲུང་དུ་བདེ་མཆོག་ནག་པོའི་དབང༌། ལོ་ནག་དྲིལ་གསུམ་གྱི་བསྐྱེད་རིམ་གྱི་བཤད་པ། ནག་པོ་རིམ་བཞིའི་འཁྲིད། བདེ་མཆོག་དཀར་པོའི་བྱིན་རླབས་རྫོགས་རིམ་གྱི་ཁྲིད་དང་བཅས་པ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ཆིག་བརྒྱུད་འཕོ་བ་དང་བཅས་པ། བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་གཉན་ཕུལ་བྱུང་བ་